འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅།།ཕག་པ་གསོ་ཚགས་གོ་རིམ་ལྡན་པའི་ངང་སླར་གསོ་ ཡོང་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཞིང་ལས་གྲོང་གསེབ་པུས་སྤྱི་བསྒྲགས་ཨང་285སྤེལ་ཏེ། ཕག་པ་གསོ་ཚགས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་ཚོད་འཛིན་ལ་གཞིགས་ཤིང་། མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྒྱུད་རིམ་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ཏེ། ལྷུ་ཚིགས་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་བསྐྱར་བསྒྲགས་བྱས་ནས་ཕག་པ་གསོ་ཚགས་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཤར་ཚུན་ཐོན་པའི་རིམས་ནད་ལ་ལྟ་སྐབས་རང་རྒྱལ་དུ་ཨ་ཧྥེ་རི་ཁའི་ཕག་ནད་ཐོན་ཚབས་ན་ནིང་གི་དུས་མཚུངས་ལས་མངོན་གསལ་དོད་པོས་ཆུང་བ་ཡོད། ཟླ་3ཚེས་31ཉིན་བར་རྒྱལ་ཡོངས་སུ་ཕག་ནད་ཐེངས་6ཐོན་པ་དང་། ཕག་པ་ཁྱོན་534བསད་པ། རིམས་ནད་ཐོན་ཚབས་སྤྱིའི་ཆ་ནས་ཞི་ལྷོད་དུ་ཕྱིན་པ་རེད། དེ་མིག་སྔའི་ཕག་པ་གསོ་ཚགས་སླར་གསོ་བྱེད་རིམ་མགྱོགས་སུ་གཏོང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་ཕན་པ་ཞིག་རེད། དུས་མཚུངས་སུ་ཨ་ཧྥེ་རི་ཁའི་ཕག་ནད་ཀྱི་ནད་དུག་ལས་རང་རྒྱལ་དུ་སྦགས་བཙོག་འབྱུང་གཞི་ངེས་ཅན་ཞིག་ཆགས་ཡོད་ལ། ཕག་པ་གསོ་ཚགས་སླར་གསོ་མགྱོགས་པོ་བྱེད་པ་དང་། ཕག་ཕྲུག་དང་ཕག་གསེབ་གཏོང་འདྲེན་བྱེད་ཚད་མང་དུ་ཕྱིན་པ་དང་བསྟུན་ནས་རིམས་ནད་ཐོན་པ་དང་མཆེད་པའི་ཉེན་ཁའང་ཅུང་ཆེ་རུ་ཕྱིན་ཡོད།
    ད་རེས་ཀྱི་སྤྱི་བསྒྲགས་ནང་ཕྱོགས་བཅུའི་ཐད་ཀྱི་བླང་བྱ་ཚུད་པ་དེ་དག་ཕག་པ་གསོ་ཚགས་ཀྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་ཚོད་འཛིན་ཀྱི་ལྷུ་ཚིགས་འདྲ་མིན་དང་འབྲེལ་བ་ཡོད། དེའི་གྲས་སུ་ཟ་ཁང་གི་ཟས་ལྷག་ཕག་པར་ཐད་ཀར་སྟེར་མི་རུང་བ་དང་། སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི་དང་མི་སྣས་འགོ་ནད་ཞིབ་བཤེར་ཚད་ལྡན་དུ་གཏོང་བ་ལས་ལྷོད་གཡེང་བྱེད་མི་རུང་བ། བཤས་རར་འབྱུང་ཁུངས་གསལ་པོ་མེད་པ་དང་། སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་ཚད་ལོན་མཚོན་རྟགས་མེད་པ། རྣ་རྟགས་མེད་པའམ་ཡང་ན་རྣ་རྟགས་ཆ་ཚང་པོ་མེད་པ་བཅས་ཀྱི་ཕག་པ་བཤས་གཏོང་མི་རུང་བ། ཨ་ཧྥེ་རི་ཁའི་ཕག་ནད་རང་བཤེར་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་སོགས“མི་རུང་བ་བཅུ”ཚུད་ཡོད།
    གཞན་ཡང་མི་རིང་བའི་གོང《ཨ་ཧྥེ་རི་ཁའི་ཕག་ནད་འཕྲལ་སྡོམ་ལག་བསྟར་ཇུས་གཞི(2020ལོའི་པར་གཞི)》བཀྲམ་ཡོད། སྤྱི་བསྒྲགས་དེའི་ནང་ཇུས་གཞི་གསར་ཤོས་གཞིར་བཟུང་རིམས་ནད་ཚད་དང་ལྡན་པའི་སྒོ་ནས་འགོག་བཅོས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། ཇུས་གཞི་གསར་ཤོས་ནང་རིམས་ནད་ས་ཚིགས་དབྱེ་འབྱེད་གཏན་འབེབས་བྱེད་སྟངས་ལེགས་སྒྲིག་བྱས་པ་དང་། ཧེ་བག་ཅན་གྱི་དོ་དམ་བླང་བྱ་གསལ་པོར་བསྟན་ཞིང་། གསོ་ཚགས་ར་བ་དང་། གསོ་ཚགས་བྱ་ཡུལ། སྐྱེལ་འདྲེན་བརྒྱུད་རིམ་སོགས་གནས་ཚུལ་མི་འདྲ་བའི་འོག་ཐོན་པའི་རིམས་ནད་ལ་དམིགས་ཏེ། རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཐག་གཅོད་བྱས་ཡོད།