འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་2ཉིན།

༄༅༎ཡུན་ནན་བོད་རིགས་ས་ཁུལ་བདེ་ཆེན་གྱིས་དེ་ཁུལ་དུ་ཡོང་རྩིས་ཡོད་པའི་མི་སྣས་ཉིན་3གྱི་སྔ་སྣུར་དུ་
ཐོ་འགོད་བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་02ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་31ཉིན་གསར་འགོད་པས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་རྒྱལ་ནས་རིམས་ནད་འགོས་རྒྱུ་སྔོན་འགོག་ཚོད་འཛིན་བྱ་ཆེད་བརྡ་ཁྱབ་ཨང་12པ་བཏང་ནས་བདེ་ཆེན་དུ་ཡོང་རྩིས་ཡོད་པའི་མི་སྣ་ཚང་མས་ཉིན་3གྱི་སྔ་སྣུར་དུ་སྙན་སེང་ཐོ་འགོད་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
     ཡུན་ནན་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། འབར་མ་དང་། ལོ་སི། ཝེ་ཐེ་ནམ་བཅས་དང་ས་མཚམས་འབྲེལ་ཡོད། མིག་སྔར་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཚང་མར་གཏན་འཁེལ་བྱུང་བའི་ནད་དཔེ་ཐོན་ནས་ཡུན་ནན་ལ་ཕྱི་རྒྱལ་ནས་རིམས་ནད་འགོ་བའི་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་31ཉིན་བརྡ་ཁྱབ་བཏང་དོན། ཟླ་3ཚེས་30ཉིན་གྱི་ཆུ་ཚོད་0ནས་ཆུ་ཚོད་24བར་ཡུན་ནན་དུ་ཕྱི་རྒྱལ་ནས་འགོས་པའི་གཏན་འཁེལ་བྱུང་བའི་ནད་དཔེ་1(ཀྲུང་གོའི་སྤྱི་དམངས། དབྱིན་ཇི་ནས་འགོས་ཡོད་པ)མང་དུ་ཕྱིན་པ་དང་། ད་ཆ་ཕྱི་རྒྱལ་ནས་འགོས་པའི་གཏན་འཁེལ་བྱུང་བའི་ནད་དཔེ་7(ཀྲུང་གོའི་སྤྱི་དམངས་6ཡོད་པ་དེས་85.71%བཟུང་)ཡོད་པ་རེད།
     རྒྱལ་ཁོངས་ཕྱིའི་རིམས་ནད་འགོ་རྒྱུ་སྔོན་འགོག་ཚོད་འཛིན་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་ཆེད། བདེ་ཆེན་ཁུལ་གྱིས་ཚེས་30ཉིན་བརྡ་ཁྱབ་ཨང་12པ་བཏང་ནས། རྒྱལ་མཚམས་སྒྲོལ་ནས་བདེ་ཆེན་དུ་ཡོང་རྩིས་ཡོད་པའི་མི་སྣ་ཡོངས་ཀྱིས་མ་ཡོང་གོང་གི་ཉིན་3ནང་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། མགྲོན་ཁང་དང་ཨར་ཁང་། སྡེ་ཁུལ(གྲོང་ཚོ་ཚོགས་ཆུང) ཡང་ན་ཁྱིམ་ཚང་གི་ཁོངས་མིར་དེར་ཡོང་བའི་ཆ་འཕྲིན་སྙན་སེང་ཞུ་དགོས་པ་དང་། འབྲེལ་ཡོད་ཆ་འཕྲིན་འབྱོར་བའི་ཚན་པའམ་ཡང་ན་ཁྱིམ་ཚང་གི་ཁོངས་མིས་སྡེ་ཁུལ(གྲོང་ཚོ་ཚོགས་ཆུང)ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་དང་། སྡེ་ཁུལ(གྲོང་ཚོ་ཚོགས་ཆུང)གྱིས་དུས་ཐོག་ཏུ་ཁོངས་གཏོགས་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ལ་སྙན་སེང་ཞུ་དགོས་ཞེས་འཁོད་ཡོད་པ་རེད།
     འགྲུལ་སྐྱེལ་བབས་ཚུགས་དང་། གནམ་ཐང་། སྡེ་ཁུལ་སོགས་ལྷུ་ཚིགས་ཁག་ཏུ་གྲལ་བཤེར་བྱས་པའི་ཉིན་14ནང་ཚུན་དུ་ཕྱི་རྒྱལ་དུ་གནས་སྡོད་བྱེད་མྱོང་ཡོད་པ་མ་ཟད། རྒྱལ་ཁོངས་སུ་འཛུལ་ཡུལ་དང་པོར་གཅིག་སྡུད་ལོགས་འཇོག་བྱེད་པའི་ལྟ་ཞིབ་དཔང་ཡིག་མཁོ་འདོན་བྱེད་མི་ཐུབ་པའི་མི་སྣར“གནས་དང་གནས”ཀྱི་ལྷུ་བཀག་ལག་བསྟར་བྱས་ཏེ་ས་གནས་དེ་གའི་གཅིག་སྡུད་ལོགས་འཇོག་ལྟ་ཞིབ་ས་ཚིགས་སུ་བསྐྱོད་དེ་ལོགས་འཇོག་ལྟ་ཞིབ་ཉིན་14བྱེད་དགོས་པ་དང་འབྲེལ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཡང་བྱེད་དགོས། ལོགས་འཇོག་དང་ལོགས་འཇོག་ལྟ་ཞིབ་བྱེད་རིང་བྱུང་བའི་བརྒྱུད་འདྲེན་འགྲོ་གྲོན་དང་བཟའ་སྡོད་འགྲོ་གྲོན་རང་གིས་སྤྲོད་དགོས་ཀྱི་ཡོད། རང་མོས་ངང་རང་གྲོན་བཏང་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་བརྒྱུད་སྲིབ་གཤིས་ཡིན་པ་དང་དྭངས་ཁྲག་ནང་གི་ནད་འགོག་ཞིབ་དཔྱད་ཚད་ལེན་ཐེངས་གཅིག་བྱས་པ་བརྒྱུད་སྲིབ་གཤིས་ཡིན་པ་མངོན་ཚེ། གཅིག་བསྡུས་ལོགས་འཇོག་ཉིན་7བྱས་རྗེས་ཁྱིམ་དུ་ལོགས་འཇོག་ཉིན་7བྱས་ན་ཆོག
     མིག་སྔའི་བར་བདེ་ཆེན་ཁུལ་ཁོངས་སུ་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཐོན་མེད་པ་རེད།