འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་31ཉིན།

༄༅།།ས་བབ་ཇི་ལྟར་མཐོ་ཡང་འགོག་སྲུང་ནན་པོ་བྱེད་དགོས།

—— ས་མཐོའི་རིམས་འགོག་འཐབ་ས་དང་པོའི་ལས་དོན་པ་ཞིག་གི་རང་ཉིད་ངོ་སྤྲོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་31ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རིམས་ནད་འགོག་རྒོལ་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། སྨན་དོན་མི་སྣ་གྲངས་མེད་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་དེ་འཐབ་ས་དང་པོར་འབད་པ་ལྷུར་ལེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་སྐྱོང་དྲ་བ་དམ་དུ་བཏང་ནས་ཕྱོགས་བཞི་དུས་བདེ་ཡོང་བར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལོ་རབས་90ཡི་ནང་སྐྱེས་ཀྱི་བོད་རིགས་བུ་མོ་ཉི་མ་མཚོ་མོའང་དེའི་གྲས་ཤིག་རེད། ཁོང་དང་ལས་རོགས་ཚོས་ཉིན་21རིང་ས་བབ་མཐོ་ཚད་སྨི་4200ཡོད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་བརྟན་སྲུང་བྱས་ཡོད། ཉེ་ཆར། ཉི་མ་མཚོ་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། གཤམ་གསལ་ནི་ཁོ་མོས་རང་ཉིད་ངོ་སྤྲོད་བྱས་པའི་གནས་ཚུལ་རེད།
    ངའི་མིང་ལ་ཉི་མ་མཚོ་མོ་ཟེར། ད་ལོ་ལོ་30ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལས་ཀ་བྱེད་ཀྱི་ཡོད། ཟླ་1ཚེས་25ཉིན་སྟེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་དང་ངའི་ལས་རོགས་འགའ་ཞིག་ཞིང་ཆེན་ལམ་308ཀྱི་ལམ་རྒྱུད་དུ་ཡོད་པའི་འབྲི་ཆུའི་ཟམ་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་སྲུང་བར་བསྐྱོད་པ་ཡིན། ང་ཚོའི་ལས་འགན་ནི་དེ་ག་ནས་འགྲོ་འོང་བྱེད་མཁན་མི་དང་འཁོར་རིགས་ཚང་མ་ཐོ་འགོད་བྱས་ཏེ། ཚ་བ་ལྟ་བ་དང་འཁོར་རིགས་ལ་དུག་སེལ་བྱེད་རྒྱུ་དེ་རེད།
    ས་ཚིགས་ཀྱི་ས་བབ་མཐོ་ཚད་སྨི་4200ལྷག་ཙམ་ཡིན་ཞིང་། ཉིན་རེའི་ཆ་སྙོམས་དྲོད་ཚད་མཐོ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་4དང་མཚན་མོའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡིན་ཞིང་མཚམས་རེ་ད་དུང་གངས་འབབ་ཀྱི་ཡོད། ས་ཚིགས་སྲུང་མཁན་ཁྱོན་མི་4ཡོད་པ་དེ་དག་གིས་རེས་མོས་སུ་ཉིན་མཚན་དབྱེར་མེད་སྡོད་བྱ་བྱེད་ཀྱི་ཡོད། ང་ཚོར་སྡོད་ས་གུར་སྟབས་བདེ་ཞིག་ཡོད་པ་དང་གུར་ནང་ཉལ་ཁྲི་གཉིས་ལས་མེད་པས་རེས་མོས་ངལ་གསོ་རྒྱག་པ་ལས་ཐབས་གཞན་གང་ཡང་མེད།
    ཚང་མས་རིམས་ནད་ལ་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ང་ཚོ་སྨན་དོན་མི་སྣ་ཚང་མས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་བསྐྲུན་ངེས་ཡིན། མ་གཞི་འགོག་སྲུང་ས་ཚིགས་ཀྱི་ཆ་རྐྱེན་ཞན་པོ་ཡོད་མོད། འོན་ཀྱང་དེ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པས“འཛུལ་སྒོ”དེ་བསྲུང་རྒྱུ་གལ་འགངས་ཆེ་ཤོས་ཡིན། ས་བབ་ཇི་ལྟར་མཐོ་ཡང་ང་ཚོས་ཁུག་ཆ་གཅིག་ཀྱང་མ་ལུས་པར་འགོག་སྲུང་ནན་པོ་བྱེད་ངེས་ཡིན།
    ལོ་གསར་ཚེས་གཅིག་ཉིན་ནས་བཟུང་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ལ་བྲེལ་འགོ་ཚུགས། ཅུང་ལྷོད་ལ་བབས་པའི་ལོ་གསར་ཚེས་གསུམ་གྱི་དགོང་མོ་ལས་རོགས་འགའ་ཞིག་གིས་ལོ་གསར་སྟབས་བདེ་ཞིག་གཏོང་རྒྱུའི་གྲོས་འགོ་བཏོན་པས། ང་ཚོས་སྟབས་བདེའི་ཐུག་པ་བཀོལ་བ་དང་མཉམ་དུ་གཞས་རེ་གཉིས་བཏང་སྟེ་ལོ་གསར་བཏང་བ་ཡིན། རྣམ་ཀུན་ནས་ལས་བྲེལ་ཆེ་བའི་ཁར་འགོག་སྲུང་གྱོན་ཆས་གྱོན་སྟབས་ཁ་པར་རྒྱག་བདེ་པོ་མི་འདུག དེས་ན་ང་ནང་མི་ཚོར་ཡང་འབྲེལ་བ་བྱེད་རྒྱུ་བྱུང་མ་སོང་། དེའི་དགོང་མོ་ཁོམ་པ་ཡོད་པ་དང་བསྟུན་ནས་ངས་ནང་ལ་ཁ་པར་བརྒྱབ་པ་ཡིན། ནང་མི་ཚོས་ང་ལ་བསམ་ཤེས་དང་རྒྱབ་སྐྱོར་ཚད་མེད་བྱེད་ཀྱི་འདུག་ལ་བློ་བདེ་པོ་བྱོས་ཞེས་ཀྱང་གསུངས་བྱུང་།
    “གོས་དཀར་ལྷ་རྗེ”བྱེད་པ་ནི་ངའི་ཕུགས་འདུན་ཡིན། རིམས་ནད་མ་ཐོན་གོང་ང་སྡོད་སའི་བརྟག་དཔྱད་ཁོའོ་ཡིས་འགོ་ནད་རང་བཞིན་གྱི་ནད་ཡམས་བརྟག་དཔྱད་ཀྱི་འགན་འཁུར་གྱི་ཡོད་པས། རྟག་ཏུ་ཐག་རིང་གི་ཤང་དང་གྲོང་རྡལ་དང་། སློབ་གྲྭ འབྲོག་པའི་ཁྱིམ་ཚང་བཅས་སུ་སྔོན་འགོག་ཁབ་རྒྱག་པ་དང་ནད་རྐྱེན་འཚོལ་བསྡུ་དང་བརྟག་དཔྱད་བྱེད་པར་འགྲོ་དགོས་ཀྱི་ཡོད། ས་ཆ་ཕལ་ཆེ་བ་ཞིག་ཐག་རིང་པོ་ཡོད་པ་མ་ཟད། ས་བབ་མཐོ་བའི་ཁར་ལམ་ཡང་བདེ་པོ་མེད་པས་རླངས་འཁོར་ཡང་གཏོང་ཐུབ་ཀྱི་མེད། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལ་བརྒྱབ་ཀླུང་བརྒལ་བྱེད་པ་དང་ལམ་བར་དུ་རླངས་འཁོར་ལ་སྐྱོན་ཤོར་བ་སོགས་ནི་རྒྱུན་གཏན་ཞིག་རེད། འོན་ཀྱང་ངས་ཁྲ་ལ་སེལ་སླ་བཅོས་ཡེ་ནས་བྱེད་མྱོང་མེད་ལ་དཀའ་ལས་ཁག་སྣང་བྱེད་མྱོང་ཡང་མེད། གང་ལགས་ཤེ་ན་དེ་ནི་ངའི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ལ་ང་རང་ལས་རིགས་དེར་དགའ་ཞེན་ཡོད་པས་རེད།
    ཟླ་2པའི་ཟླ་མཇུག་ཏུ། རིམས་ནད་ཅུང་ཞི་ལྷོད་དུ་སོང་བ་དང་བསྟུན་འགོག་སྲུང་ས་ཚིགས་ཀྱང་ཕྱིར་འཐེན་བྱས་པ་རེད། ང་རང་སླར་ཡང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་ལོག་པ་ཡིན། ད་ཆ་ངས་གཙོ་བོ་སྲིད་གཞུང་གི་ཚོགས་རར་དུག་སེལ་དང་ཕྱི་ནས་ཡོང་མཁན་ལོགས་འཇོག་ཐོ་འགོད་སོགས་ཀྱི་འགན་འཁུར་གྱི་ཡོད་པས་སྔར་རྒྱུན་བཞིན་བྲེལ་བ་ཆེན་པོ་འདུག
    ཉིན་ལྟར་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱལ་ཡོངས་ཀྱི་ས་ཆ་ཁག་གི་སྨན་དོན་མི་སྣ་ཚོ་ཡིད་ལ་འཆར་སྐབས་ང་ཚོར་སྡུག་སྐད་རྒྱག་པའི་ཐོབ་ཐང་ག་ནས་ཡོད། ང་ཚོ་ནི་རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་ས་དང་པོའི་རུ་ཁག་སྟོབས་ཆེན་གྱི་ལས་མི་དཀྱུས་མ་ཞིག་ཡིན། རིམས་ནད་མ་ཐོན་གོང་ངས་རྩ་འཛུགས་ལ་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་འགྲོ་རྒྱུའི་ཞུ་ཡིག་ཕུལ་བ་ཡིན། མ་གཞི་ང་རང་རིགས་གཅིག་མཁས་ཅན་མིན་རུང་ངས་དུག་སེལ་དང་སྨན་གཡོག་སོགས་གཞི་རྩའི་ལས་ཀ་ཤེས་ཀྱི་ཡོད་པས་རང་ཉིད་ཀྱི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ་ཐུབ་ན་བསམས་བྱུང་། ད་ཆ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཐོང་དུས་ང་དང་ལས་རོགས་ཚོའང་སེམས་པ་ཧ་ཅང་སྐྱིད་པོ་འདུག ད་ཐེངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ཡོངས་སུ་འཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།