འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཝང་དབྱིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་ཞལ་ཆད་ལྟར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཝང་དབྱིས་ཚེས་26ཉིན་གྱི་དགོང་མོ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གིས་བརྙན་ལམ་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ལ་ཞུགས་ནས་ཁག་སོ་སོས་གསུང་བཤད་གལ་ཆེན་གནང་སྟེ་རིམས་ནད་ལ་སྔོན་འགོག་དང་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཐད་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་རེད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ལངས་ཕྱོགས་ཚད་མཐོའི་གཅིག་གྱུར་ཡིན་པས། འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་རྟགས་ནུས་ལྡན་བཏང་ནས་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་མགྱོགས་མྱུར་མཆེད་བཞིན་ཡོད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་འགྲན་སློང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པའི་གྲོས་འགོ་མཐའ་དག་ལ་དགའ་བསུ་ཞུ་རྒྱུ་ཡིན་ལ། ཨུ་རུ་སུ་དང་དེ་བཞིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་གཞན་དག་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོས་མཉམ་ཤུགས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
     ལ་ཕུའུ་ལུའོ་ཕུའུ་ཡིས་ཀྲུང་གོའི་རིམས་ནད་འགོག་རྒོལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་ཨུ་ཀྲུང་དབར་གྱི་རིམས་ནད་འགོག་རྒོལ་གྱི་མཉམ་ལས་ལ་གདེང་འཇོག་ཧུར་ཐག་བྱས་པ་རེད། ལ་ཕུའུ་ལུའོ་ཕུའུ་ཡིས་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་བཞིན་ཡོད་པ་དང་འབྲེལ་ཨུ་རུ་སུ་ཕྱོགས་ཀྱི་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིམས་ནད་འགོག་རྒོལ་བྱེད་པའི་ལས་དོན་སྤེལ་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་དམིགས་བསལ་དབུ་ཚོགས་ལ་ཐོབ་པའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱ་རྒྱུ་དང་དབུ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཨུ་ཀྲུང་དབར་ལངས་ཕྱོགས་གཅིག་མཚུངས་སམ་ལངས་ཕྱོགས་འདྲ་མཚུངས་ཡོད། རིམས་ནད་ལས་བྱུང་བའི་གོ་ལ་ཧྲིལ་པོའི་འགྲན་སློང་གི་མདུན་དུ་ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ཚུད་པའི་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད།