འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎ཀྲུང་དབྱང་རྩ་འཛུགས་པུའུ་དང་ནོར་སྲིད་པུས་མཉམ་དུ་བརྡ་ཐོ་བཏང་ནས་ཏང་ཡོན་གྱིས་ཞལ་འདེབས་
བརྒྱབ་པའི་མ་དངུལ་རིམས་ནད་འཐབ་རྩོད་ཀྱི་འཐབ་ས་དང་པོའི་མི་སྣར་འཚམས་འདྲི་
བྱེད་པའི་ཐད་གཙོ་བོ་སྤྱོད་རྒྱུ་ཡིན་ཞེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ནོར་སྲིད་པུས་ཉེ་ཆར་མཉམ་དུ་བརྡ་ཐོ་བཏང་སྟེ། ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་ཡོན་གྱིས་རང་མོས་ངང་ཞལ་འདེབས་བརྒྱབ་པའི་མ་དངུལ་བགོ་འགྲེམས་དང་བེད་སྤྱོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
     བརྡ་ཐོའི་ནང་བསྟན་དོན། ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་སྟེ། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་བྱ་སྤྱོད་གང་མགྱོགས་སྤེལ་རྒྱུར་དཔེ་སྟོན་དང་སྐུལ་འདེད་གཏོང་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་བློ་མཐུན་གཞན་དག་གིས་སྣེ་ཁྲིད་ནས་ཞལ་འདེབས་བརྒྱབ་སྟེ་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གནང་བ་རེད། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་ཞལ་འདེབས་ཧུར་ཐག་རྒྱབ་པ་དང་ཕངས་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་རིམས་ནད་ཁུལ་གྱི་མི་དམངས་ལ་བཅངས་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་ལ། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱིས་དཀའ་ངལ་འཕྲད་སྐབས་འགན་འཁྲི་འཁུར་ཕོད་པ་བྱེད་པ་ཡང་མངོན་ཡོད།
     བརྡ་ཐོའི་ནང་ཁ་གསལ་བསྟན་དོན། ཏང་ཡོན་གྱིས་ཞལ་འདེབས་བརྒྱབ་པའི་མ་དངུལ་ལས་འཚམས་འདྲིའི་ངོ་བོ་མཚོན་པར་བྱས་ཏེ་རིམས་ནད་འཐབ་རྩོད་ཀྱི་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་། གཞི་རིམ་ལས་བྱེད་པ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་དང་གསར་འགྱུར་ལས་དོན་པ་སོགས་ལ་འཚམས་འདྲི་བྱེད་པའི་ཐད་གཙོ་བོ་སྤྱོད་རྒྱུ་ཡིན་པ་དང་། དེའི་ནང་འཐབ་ས་དང་པོའི་སྨན་དོན་པར་གཙོ་གནད་ཐོག་འཚམས་འདྲི་ཞུ་རྒྱུ་ཡིན་པ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་ནང་མིར་ཡང་གཙོ་གནད་ཐོག་འཚམས་འདྲི་ཞུ་རྒྱུ་ཡིན། རིམས་ནད་ཀྱི་དོན་དངོས་དང་དགོས་མཁོར་གཞིགས་ཏེ་ཏང་ཡོན་གྱིས་ཞལ་འདེབས་བརྒྱབ་པའི་མ་དངུལ་དེ་རིམས་ནད་ཐོན་ཚབས་ཆེ་ཤོས་ཀྱི་ཧུའུ་པེ་ཞིང་ཆེན་ལ་གཙོ་གནད་ཐོག་ཕྱོགས་རྒྱུ་ཡིན་པ་རེད།
     བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འཚམས་འདྲི་དང་རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་མཐིལ་རྟོགས་གསལ་པོ་བྱས་ནས་རིགས་ཁག་གི་འཚམས་འདྲི་དང་རོགས་སྐྱོར་བྱ་ཡུལ་གྱི་གཏོང་སྤྲོད་རིམ་པ་དང་ཚད་གཞིར་ཞིབ་འཇུག་གཏན་འབེབས་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་ཡོན་གྱིས་ཞལ་འདེབས་བརྒྱབ་པའི་མ་དངུལ་དུས་ཐོག་ཏུ་ལག་འབྱོར་ཡོང་བ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱ་ཆེའི་ཏང་ཡོན་གྱི་རྒྱབ་སྐྱོར་དང་ཐུགས་ཁུར་དེ་འཚམས་འདྲི་དང་རོགས་སྐྱོར་བྱ་ཡུལ་གྱི་ལག་ཏུ་འབྱོར་བ་བྱེད་དགོས། འབྲེལ་ཡོད་བླང་བྱར་གཞིགས་ཏེ་ཀྲུང་དབྱང་རྩ་འཛུགས་པུས་མིག་སྔའི་བར་བསྡུས་པའི་ཏང་ཡོན་གྱི་ཞལ་འདེབས་སྒོར་དུང་ཕྱུར་52.8དེ་ནོར་སྲིད་པུས་བགོ་བཤའ་གཤམ་སྤྲོད་བྱེད་པར་རྩིས་སྤྲད་པ་རེད།