འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་30ཉིན།

༄༅༎དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ ལོ་61འཁོར་མཚམས་སུ་བྲིས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་61འཁོར་བའི་ལོ་ཞིག་རེད་ལ། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”གཏན་འཁེལ་བྱས་ནས་ལོ་11འཁོར་བའི་ལོ་ཞིག་ཀྱང་རེད། བོད་ཀྱིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པའི་གདམ་ག་གལ་ཆེན་ཞིག་དང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་གནད་དོན་ཐག་གཅོད་བྱས་པའི་རླབས་ཆེའི་གསར་གཏོད་ཀྱི་བྱ་སྤྱོད་ཅིག་ཡིན་པའི་དམངས་གཙོའི་བཅོས་སྒྱུར་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་ཆེད་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་བསྣན་ཡོད།
     1959ལོའི་ཟླ་3པར་བོད་ས་གནས་སྲིད་གཞུང་ནང་གི་མཐོ་རིམ་ལོག་སྤྱོད་པས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་འདོད་བློ་དང་རྒྱབ་འགལ་བྱས་ཏེ། “གྲོས་མཐུན་དོན་ཚན་བཅུ་བདུན”མངོན་སུམ་འཛེམ་མེད་ངང་རྩིས་མེད་དུ་བཏང་བ་དང་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པར། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུ་དང་ངོ་ལོག་ཟིང་འཁྲུག་ཞོད་འཇགས་མཐར་ཕྱིན་པ་གཏོང་རྒྱུ་འཕྲལ་ཐག་ཆོད་པོས་ཐག་བཅད་པ་དང་ཆབས་ཅིག བློ་རྒྱ་ཆེན་པོས་མང་ཚོགས་སྐུལ་སློང་བྱས་ཏེ་དམངས་གཙོའི་བཅོས་སྒྱུར་བྱས་ཡོད། 1959ལོའི་ཟླ་3ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བོད་ས་གནས་སྲིད་གཞུང་གི་འགན་དབང་སྤྱད་དེ། བོད་མི་དམངས་ལ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུ་མཚོན་རྟགས་སུ་བྱེད་དགོས་པའི་འབོད་སྐུལ་བྱས་ཤིང་། ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་བའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཐེངས་འདིའི་དྲག་ཆར་རླུང་འཚུབ་ལྟ་བུའི་དམངས་གཙོའི་བཅོས་སྒྱུར་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཟོས་པ་དང་། དེ་བཞིན་ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་བརྟེན་པའི་མི་ལུས་གཞན་བརྟེན་གྱི་འབྲེལ་བ་མེད་པར་བཟོས་ཤིང་། དུས་དེ་ནས་བཟུང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ། རང་ཉིད་ལ་དབང་བའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ལས་བོད་ཀྱི་སྤྱི་ཚོགས་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་ཆེན་པོ་བཏང་སྟེ། བོད་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད།
     དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་། ལོ་61རིང་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡར་རྒྱས་བརྩོན་ལེན་དང་། འབད་འབུངས་ལྷོད་མེད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྣོད་བཅུད་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བརྩེ་བ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅངས་ཏེ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྲིད་དོན་མཛད་ཇུས་ཆེ་མོ་བཟོས་པ་དང་དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་ཁ་གསལ་བཟོས་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བས། བོད་ཀྱི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་རྒྱས་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
     བོད་ཀྱི་ལོ་61རིང་གི་རླབས་ཆེན་མཆོང་སྐྱོད་ལས་དམངས་གཙོའི་བཅོས་སྒྱུར་དེ་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་བསམ་འདུན་དང་མཐུན་པ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་མཐུན་པ་བཅས་གསལ་པོར་མཚོན་གྱི་ཡོད། དེ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཅིག་རེད། དམངས་གཙོའི་བཅོས་སྒྱུར་བྱུང་བ་ལས་གཞི་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། བོད་དུས་བསྟུན་འཕེལ་རྒྱས་བྱུང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དབང་ཆ་འགན་ལེན་གང་ལེགས་བྱུང་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱ་རྒྱུ་དེ་སྔ་ས་ནས་མི་སེམས་ལ་གཏིང་ཟབ་ཟུག་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་རྩ་བའི་འགན་ལེན་བྱས་ཡོད། ལོ་རྒྱུས་དང་ལག་ལེན་གྱིས་དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དངོས་འབྲེལ་བདེ་སྐྱིད་སྐྲུན་པའི་རླབས་ཆེའི་བྱ་སྤྱོད་ཅིག་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད།
     “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས” དུས་རབས་གསར་པར་འབད་འཐབ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཤུགས་རྒྱག་པ། བོད་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
     བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཡོད་ལ། བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་སྔར་བཞིན་འབད་འབུངས་སྟོབས་བརྩོན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། གཞོམ་ཞིག་མེད་པའི་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བར་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་བྱས་ཚེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་གསར་པ་དང་འབྱུང་འགྱུར་གསར་པ་གཏོད་ཐུབ་ངེས་རེད།