མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་29ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་27ཉིན་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་ཨ་རི་ཚུད་པའི་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལ་དུས་ཐོག་ཏུ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། དེའི་ནང་འཕྲལ་མར་ནད་དུག་གི་གཞི་རྒྱུའི་རིམ་པ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་སོགས་ཚུད་ཅིང་། ཕྱོགས་ཁག་དང་མཉམ་དུ་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཀྱི་ཉམས་མྱོང་སྦ་གསང་གང་ཡང་མེད་པར་མཉམ་སྤྱོད་བྱས་པ་དང་སྦྲགས། ནུས་པས་ལྕོགས་ཚོད་ཀྱིས་དགོས་མཁོ་ཆེ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པ་ཡིན། ང་ཚོས་མུ་མཐུད་འདི་ལྟར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     འདྲི་རྩད་བྱས་པ་ལྟར་ཞི་ཅིན་ཕིང་གིས་ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་ཆེད་སྤྱད་པའི་བྱེད་ཐབས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས། ངས་ཨ་རིར་རིམས་ནད་མཆེད་ཚུལ་ལ་དོ་ཁུར་དང་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ་སྐུ་ཞབས་ཙུང་ཐུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱོད་བཞིན་ཡོད་པར་ཡང་དོ་སྣང་བྱུང་། ཀྲུང་གོའི་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ངང་ཨ་རིས་སྔ་ཙམ་ནས་རིམས་ནད་མཆེད་ཚུལ་ཚོད་འཛིན་ཐུབ་སྟེ་རིམས་ནད་ལས་ཨ་རིའི་མི་དམངས་ལ་གྱོང་གུན་ཕོག་ཚད་ཆུང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་སྤེལ་རྒྱུའི་ཐད་སྔར་ནས་དགེ་མཚན་ལྡན་པའི་རྣམ་འགྱུར་འཛིན་གྱི་ཡོད་ཅེས་ནན་བཤད་གནང་ཡོད། གཞན་ཡང་ཞི་ཅིན་ཕིང་གིས། མིག་སྔར་ཨ་རིར་སྔར་བཞིན་ཕྱི་སྦྱོང་སློབ་མ་ཚུད་པའི་ཀྲུང་གོའི་སྤྱི་དམངས་མང་པོ་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཨ་རིས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ལེགས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་ཀྱང་གནང་ཡོད།
     ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་ཨའི་འབྲེལ་བ་འགག་རྩའི་དུས་སུ་གནས་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་པས་མཉམ་ལས་ནི་ཡང་དག་པའི་གདམ་ག་འབའ་ཞིག་དེ་རེད། ཨ་རི་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་ལེགས་སུ་གཏོང་བའི་ཐད་བྱ་སྤྱོད་ངོ་མ་སྤེལ་ནས་ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གདོང་གཏུག་མེད་པ་དང་། ཁ་གཏད་དུ་མི་ལང་བ། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཁེ་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཐེ་རོན་ཕུས་ངས་སྐུ་ཞབས་ཀྲུའུ་ཞིས་ཁ་སང་དགོང་མོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་དམིགས་བསལ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་ལ་ནན་ཏན་ཉན་པ་ཡིན། ང་དང་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཁྱེད་ཀྱིས་བཏོན་པའི་དགོངས་ཚུལ་དང་གྲོས་འགོར་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཐེ་རོན་ཕུས་ཞི་ཅིན་ཕིང་ལ་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྐོར་ཞིབ་ཕྲ་དྲིས་གནང་བ་དང་། ཁོང་གིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་འཕྲད་བཞིན་ཡོད། རིམས་ནད་འགོག་རྒོལ་ཐད་ཀྲུང་གོ་ཕྱོགས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་མཐོང་བྱུང་བས་ང་རང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་ལས་ང་ལ་བློ་སྐྱེད་ཆེན་པོ་བྱུང་། ང་རང་ངོ་མས་སྐད་ཆ་དྲིས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འགལ་རྐྱེན་བསལ་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་འགོག་མཉམ་ལས་བྱེད་པའི་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་རིམས་འགོག་ལ་སྨན་བཅོས་དངོས་ཟོག་མཁོ་འདོན་བྱས་པ་མ་ཟད། རིམས་འགོག་གི་གོ་ཆོད་སྨན་རྫས་ཞིབ་བཟོའི་ཐད་ཀྱི་མཉམ་ལས་ཚུད་པའི་རྒྱལ་ཁབ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་འབྲེལ་ལམ་སྨྱན་སྦྱོར་ཐོག ཨ་རིའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་ཧ་ཅང་བརྩི་བཀུར་དང་དགའ་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱི་སྦྱོང་སློབ་མ་དག་ནི་ཨ་རིའི་སློབ་གསོའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཨ་རི་ཕྱོགས་ཀྱིས་ཨ་རིར་ཡོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཚུད་པའི་ཀྲུང་གོའི་སྤྱི་དམངས་ལ་སྲུང་སྐྱོང་གང་ལེགས་བྱ་རྒྱུ་ཡིན་ཞེས་ཡོངས་བསྒྲགས་ངང་བཤད་མྱོང་ཡོད་ཅེས་བརྗོད་པ་རེད།
     རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་འབྲེལ་གཏུག་བྱ་རྒྱུའི་མོས་མཐུན་གནང་བ་རེད།

  
style="display:none;"