མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་29ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་རྒྱལ་པོ་མཆོག་གི་གཙོ་སྐྱོང་འོག་ཁ་སང་ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་བདེ་བླག་ངང་འཚོགས་ནས། ཕྱོགས་ཁག་གིས་མཐུན་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་རྟགས་ནུས་ལྡན་བཏང་ཡོད། འདི་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་སོ་ཏི་ཨ་རབ་ཕྱོགས་ཀྱིས་དེའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱས་ནས་ཁ་གཏད་འཇལ་ཚེ་གཞི་ནས་རྣམ་པར་རྒྱལ་ཐུབ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས་མཐུན་སྒྲིལ་དང་། མཐུན་སྦྱོར། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་མ་མཆེད་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་གང་ཐུབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་ལྷན་དུ་སྤེལ་རེས་ཟབ་མོ་བྱེད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་མཉམ་ལས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོར་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་སྐུ་ཉིད་ཀྱིས་འཕྲལ་མར་ང་ལ་འཚམས་འདྲི་གནང་བ་དང་རྒྱབ་སྐྱོར་གནང་བྱུང་། སོ་ཏི་ཨ་རབ་སྲིད་གཞུང་དང་ལས་རིགས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་ཀྲུང་གོ་ཕྱོགས་ལ་དངོས་ཟོག་མང་པོ་རོགས་སྐྱོར་གནང་བས། ཀྲུང་གོ་ཕྱོགས་ཀྱིས་བརྗེད་མི་སྲིད། ཀྲུང་ཧྭ་མི་རིགས་ནི་བཀའ་དྲིན་དྲན་པ་དང་བཟང་ལན་འཇལ་མཁན་གྱི་མི་རིགས་ཤིག་ཡིན། དེང་སྐབས་སོ་ཏི་ཨ་རབ་ལའང་རིམས་ནད་ཀྱི་འགྲན་སློང་དྲག་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་རྒྱུ་ཡིན། སོ་ཏི་ཨ་རབ་ཕྱོགས་དང་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་ལོངས་སྤྱོད་བྱས་ཏེ། སོ་ཏི་ཨ་རབ་ཕྱོགས་ཀྱིས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་བྱེད་རྒྱུར་རོགས་རམ་དང་སྟབས་བདེ་བསྐྲུན་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱས་ནས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
     སཱ་ལེ་མན་གྱིས་ཀྲུང་གོ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ཐུབ་པར་ངས་བསྔགས་བརྗོད་ཆེན་པོ་དང་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཡོངས་ལ་བརྡ་རྟགས་བཏང་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ལ་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུ་མ་ཟད། སྔར་བས་སྟོབས་ཆེར་འགྲོ་སྲིད་པའི་ཡིད་ཆེས་ཡོད། སོ་ཀྲུང་རྒྱལ་ཁབ་གཉིས་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། སོ་ཏི་ཨ་རབ་ཀྱིས་རིམས་ནད་འགོག་རྒོལ་ལ་ཀྲུང་གོ་ཕྱོགས་ནས་བརྟག་བཤེར་དང་སྨན་བཅོས་དངོས་ཟོག་རོགས་སྐྱོར་བྱས་པར། སོ་ཏི་ཨ་རབ་ཀྱི་མི་དམངས་ཚོས་བརྗེད་མི་སྲིད་པ་མ་ཟད། ཀྲུང་གོ་ཕྱོགས་དང་སྔ་བར་ཕྱི་གསུམ་དུ་མཉམ་དུ་ལངས་ངེས་ཡིན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་ནས་སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱས་རྗེས་སོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་དང་བརྟན་དུ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

  
style="display:none;"