འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་61གོང་གི་དཔྱིད་ཀ་དེ་ནི། བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ལེའུ་གསར་རྐྱང་ཞིག་རེད།
     1959ལོར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་ཐག་བཅད་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱ་ལོ་ངོ་སྟོང་རིང་བཅིངས་པའི་ལྕགས་སྒྲོག་ལས་གྲོལ་བ་རེད། ཚ་ཚ་འུར་འུར་དང་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་དེ་ནས་བཟུང་མི་ཚང་མ་སྐྱེ་དུས་ནས་འདྲ་མཉམ་ཡིན་པའི་རླབས་ཆེན་གྱི་དུས་རབས་སུ་མཆོང་སྐྱོད་བྱེད་འགོ་ཚུགས།
     ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་པོ་གནང་ཞིང་། བོད་ཀྱི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ལྟ་རེས་སྐྱོང་རེས། དྲིན་ཚོར་འབད་འཐབ་བཅས་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཕྱོགས་སུ་སྐྱོད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་ལམ་དུ་བཤམས།
     ལས་དབང་གི་འཕོ་འགྱུར། རྟག་བརྟན་གྱི་རྡོ་རིང་།
     དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་བོད་ལྗོངས་ནི་མངའ་བདག་ཆེན་པོ་གསུམ་གྱི“མི་ཡུལ་གྱི་ཤམ་བྷ་ལ”ལྟ་བུ་ཡིན་རུང་། རྒྱ་ཆེའི་ཞིང་བྲན་ཚོར་མཚོན་ན་མི་ཡུལ་གྱི་དམྱལ་བ་ལྟ་བུ་རེད།
     མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་མི་འབོར་གྱི་5%ཙམ་ལས་བཟུང་མེད་རུང་། བོད་ཀྱི་ས་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། དེ་བཞིན་སྒོ་ཕྱུགས་དང་རྒྱུ་ནོར་ཕལ་ཆེ་བ་བདག་ཏུ་བཟུང་ཡོད། བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཚོར་རང་ཉིད་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་མེད་ལ། མི་ལུས་རང་དབང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ནི་དེ་བས་ཀྱང་མེད།
     ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་སྡེ་ཁུལ་གྱི་གྲོང་མི་བགྲེས་སོང་བློ་བཟང་ནི་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་དངོས་སུ་བརྒྱུད་མྱོང་མཁན་ཞིག་རེད། “བོད་རྙིང་པར་ང་ཚོ་ཞིང་བྲན་འགའ་རེ་མངའ་བདག་སྒེར་ལ་དབང་བའི་རྒྱུ་ནོར་ལ་བརྩིས་ཏེ་གང་བྱུང་དུ་བཀོལ་སྤྱོད་བྱེད་ལ། འགའ་རེར་འུ་ལག་དང་རི་བོའི་གཏོས་དང་མཉམ་པའི་སྐྱེད་ཆེན་བུ་ལོན་གྱིས་བཤུ་གཞོག་ཚད་མེད་ཕོག་པ་དང་། ཐ་ན་མི་ཤི་ཁྱིམ་སྟོང་ཡང་ཆགས་ཀྱི་ཡོད། ང་རང་ལོ་12ལ་སླེབས་སྐབས། ཕ་མ་གཉིས་པོ་ཞིང་བྲན་བདག་པོས་སྡུག་གསོད་བཏང་སོང་། དེ་དུས་ལྟོས་གྲོད་པ་མི་རྒྱགས་ལ་གོས་ཀྱིས་ལུས་དྲོས་ཀྱི་མེད། ད་དུང་ཉིན་ལྟར་ཞིང་བྲན་གྱི་བདག་པོར་ཐོབ་ཆ་གང་ཡང་མེད་པར་འུ་ལག་རྒྱུག་དགོས”ཞེས་བགྲེས་སོང་བློ་བཟང་གིས་བཤད།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས། དེ་སྔོན་གྱི“སྐད་ཆ་ཤོད་ཤེས་པའི་ལག་ཆ་ཙམ”ཡིན་པའི་བགྲེས་སོང་བློ་བཟང་ལ་མི་ལུས་རང་དབང་ཐོབ་ནས་དམངས་གཙོའི་འདེམས་བསྐོ་བརྒྱུད་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣར་བདམས། དེ་བས་ཀྱང་ཡིད་དགའ་བ་ཞིག་ནི། གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་ཁོང་དེ་སྔོན་སྐབས་གསུམ་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཤིང་། ཁོང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་ཐ་ན་རྒྱལ་ཁབ་ཀྱི་དོན་ཆེན་ཐད་སྲིད་ཞུགས་སྲིད་གླེང་དང་ཐབས་འདོན་ཇུས་འདོན་བྱས་པ་དེ་རེད།
     ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ལས། སྔོན་ཆད་མི་ལུས་རང་དབང་དང་བྲལ་བའི་ཞིང་བྲན་རྣམས་ད་ཆ་རང་ཉིད་རང་གི་བདག་པོར་གྱུར་ལ། ས་ཞིང་གི་བདག་པོ་དང་རང་ཉིད་ཀྱི་འཚོ་བ་རང་ལ་དབང་བའི་བདག་པོར་ཡང་གྱུར་པ་རེད། དུས་དེ་ནས་བཟུང་གངས་ལྗོངས་ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
     རླབས་ཆེན་གྱི་མཆོང་སྐྱོད། མཚར་སྡུག་གི་གྲུབ་འབྲས།
     ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་དང་འབྲོག་ཁུལ་དུ། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ལམ་ཆུ་གློག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་ཆབས་ཅིག གཞི་རིམ་གྱི་མང་ཚོགས་ཁག་ཐེངས་རེ་རེ་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་ཞུགས་པའི་སྐུལ་ཁྲིད་ཐུབ་ནས། མི་རིགས་ཁག་གི་མང་ཚོགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ལྷག་པར་དུ་མང་ཚོགས་དབུལ་པོའི་རེ་སྒུག་བརྟན་དུ་ཕྱིན་པ་རེད།
     འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། 2019ལོར་བོད་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2639ལག་ལེན་བསྟར་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་238ཀྱི་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱས་པ། ས་ཁུལ་དབུལ་པོའི“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གནད་དོན་ཡོངས་སུ་ཐག་བཅད་པ། བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་པ། རྫོང(ཆུས)དབུལ་པོ་19ཡི་དབུལ་ཞྭ་ཕུད་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་བྱུང་བ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་གྱུར་ཡོད། དེ་དང་བསྡུར་བ་མངོན་གསལ་དོད་ཤོས་ཤིག་ནི་གྲངས་གཞི་ལས་མངོན་དོན། 1959ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད།
     དུས་གསར་ལ་དྲིན་གཟོ། འབྱུང་འགྱུར་ལ་འབད་བརྩོན།
     ཐུད་ཞིམ་པོ་མར་གྱི་བཅུད་ལས་བྱུང་། དུས་བཟང་པོ་ཏང་གི་བཀའ་དྲིན་ཡིན།
     ད་ཆའི་བོད་དུ་ཇོ་མོ་གླང་མའི་གཤམ་ནས་བྱང་རྩྭ་ཐང་བར་དང་། ཡར་ཀླུང་གཙང་པོའི་ངོགས་ནས་གཙང་གསུམ་ཆུ་བོའི་རྒྱུག་ཁུལ་བར་དུ་བྱ་གཞག་ཁག་དབྱར་མཚོ་ལྟར་རྒྱས་ལ། དཔྱིད་དཔལ་ལྟར་སྐྱེ་སྟོབས་ཀྱིས་ཕྱུག་ནས་མི་རྣམས་དགའ་བདེའི་དཔལ་ལ་རོལ་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རེ་བས་ཕྱུག་པ། དམངས་འཚོའི་བདེ་རྩ་མཐོ་རུ་ནུས་ལྡན་སོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་དེ་བས་ལྟ་ན་སྡུག་པ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བཅས་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ནི་ནམ་ཡང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ཀྱི་རྟེན་ས་དང་། སྟོབས་འབྱོར་མངའ་ཐང་རྒྱས་པའི་རླབས་ཆེན་མེས་རྒྱལ་ནི་ནམ་ཡང་ཁོ་ཚོའི་འགྱུར་མེད་ཀྱི་རྒྱབ་རྟེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རླབས་ཆེན་ནི་ཁོ་ཚོས་རྒྱལ་ཁ་རེ་རེ་བཞིན་ལེན་པའི་རྩ་བའི་འགན་ལེན་བཅས་ཡིན་པ་སེམས་གཏིང་ནས་ཚོར་ཡོད།
     སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཏིང་ཟབ་རྟོགས་ནས། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ནི་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ཀྱི་ཐུན་མོང་གི་འབོད་སྒྲ་ཞིག་ཏུ་གྱུར་པ་དང་། ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་གོམ་སྟབས་མདུན་དུ་བརྟན་པོའི་ངང་སྤོ་བཞིན་མཆིས།