འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎རླབས་ཆེན་གྱི་དར་ཆ་མཐོན་པོར་སྒྲེང་། རླབས་ཆེན་གྱི་དུས་རབས་ཕྱོགས་སུ་སྐྱོད།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་ལྔ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད་པའི་དུས་སུ། རླབས་ཆེན་ཕུགས་འདུན་གྱིས་ང་ཚོར་འབད་འཐབ་ཀྱི་འབོད་སྐུལ་བྱེད། ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པར་གནས་པའི་དུས་སུ། བསྐྱར་དར་མདུན་ལམ་གྱིས་ང་ཚོ་མདུན་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པས། ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་གྱི་རླབས་ཆེན་འཕོ་འགྱུར་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་གྱིས་ཐོག་མའི་བསམ་འདུན་བརྟན་དུ་གཏོང་བ་དང་། བློ་ཁོག་ཆེན་པོས་དུས་རབས་ཀྱི་འགན་འཁྲི་འཁུར་ཏེ། འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་སྒྲུབ་པ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་དགོས།
     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་སྔར་ལས་ལྷག་པའི་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ། རང་རེའི་ཏང་གིས་མཐའ་མཚམས་བཅོས་སྐྱོང་དང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྩ་ཆེའི་ཉམས་མྱོང་གསར་གཏོད་རང་བཞིན་ལྡན་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བརྗིད་ཆེའི་འཆར་གཞི་བཀོད་པ་བརྒྱུད། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྲུབ་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། བྱ་སྤྱོད་ཀྱི་ཕྱོགས་སྟོན། སྒུལ་ཤུགས་ཆེན་པོ་བཅས་མཁོ་འདོན་གནང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ཐོག ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་བྱེད་དགོས།
     ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བྱེད་དགོས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་རིང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་བའི་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་མི་འདུས་པ་གཅིག་ཀྱང་མེད་ལ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་མི་འདུས་པ་གཅིག་ཀྱང་མེད། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྔ་རྗེས་སུ་འཚོགས་ནས། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་གསལ་སྟོན་གནང་སྟེ། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རོགས་སྐྱོར་གནང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་གདེང་ཚོད་བརྟན་པོར་འགྱུར་བ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་གསོན་ཉམས་དོད་པའི་ལག་ལེན་དང་གྲུབ་འབྲས་དངོས་ལ་འགྱུར་བ་བཅས་བྱས་ནས། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
     སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་གི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ཞན་ཆ་སེལ་བ་དང་ཉམས་ཞན་སོར་ཆུད་གང་མགྱོགས་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་ལས་ཀའི་བྱ་ཐབས་ལ་བརྩི་བ་དང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་བཅས་ལ་སྤྱི་འདོམས་བྱེད་པ་དང་། མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་དང་རྒྱུན་མཐུད་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
     ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རྒྱུས་ཀྱི་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། རིམ་ཁག་ཏང་རྩ་འཛུགས་ཀྱི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། དམག་འཐབ་བྱེད་ནུས་བཅས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ཏེ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་ཀྱི་ལས་འགན་དང་འགན་འཁྲི་དེ་བས་ཡག་པོ་འཁུར་བ་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ལས་འགན་ཁག་དེ་བས་ཏན་ཏིག་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ”དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་གནས་ཀྱི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དུས་རབས་གསར་པའི་འབད་འཐབ་ཁྲོད་འོད་སྟོང་འཕྲོ་བར་བྱེད་པ་བཅས་བྱས་ཏེ་ཚ་ཚ་འུར་འུར་གྱི་ལག་ལེན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས། ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་ཐམས་ཅད་མང་ཚོགས་ལ་བརྟེན་པ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཚོར་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་། འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་ཇུས་ཤུགས་མཉམ་འདོན་གྱིས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་རྒྱུར་སྐུལ་ལྕག་བྱེད་དགོས།
     རླབས་ཆེན་གྱི་དར་ཆས་ང་ཚོར་གྲུ་གཡོར་བསྒྲེངས་ནས་རྒྱང་རིང་དུ་སྐྱོད་པར་སྣེ་ཁྲིད་བྱེད། རླབས་ཆེའི་དུས་རབས་ཀྱིས་ང་ཚོར་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པ། བོད་ལྗོངས་ཤེས་དཔལ་ཡར་ཐོན་གྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་དགོས།