འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎རླབས་ཆེན་འཕོ་འགྱུར་བློ་ལ་བརྟན་པོར་ངེས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བརྗིད་ཆགས་རི་བོ་ཧི་མ་ལ་ཡ་ལས་འཕེལ་རྒྱས་དང་འགྱུར་ལྡོག་གི་རྣམ་པ་མངོན། ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་ཤེས་དཔལ་ཡར་ཐོན་གྱི་རླབས་ཕྲེང་དགུང་དུ་འཕྱུར། དཔྱིད་དཔལ་སྒེག་མོའི་མཚར་སྡུག་ངོམས་པའི་དུས་བཟང་འདིར་ང་ཚོས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་བསུ་བ་ཞུས། ལོ་61གོང་གི་དེ་རིང་ནི་བོད་ས་གནས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན་ཚེ་སྲོག་གསར་པ་ཐོབ་པ་ཞིག་རེད། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་འགོ་ཁྲིད་གནང་སྟེ་ཚ་ཚ་འུར་འུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པས། དུས་དེ་ནས་བཟུང་འཛམ་གླིང་ཡང་རྩེའི་རྣམ་པ་གསར་རྐྱང་དུ་གྱུར། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ཤོས་དང་། གཏིང་ཟབ་ཤོས། རླབས་ཆེ་ཤོས་བཅས་ཡིན་པ་དང་། དེ་ནས་བཟུང་བོད་དུ་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་བཙུགས་པ། མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་པ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་པ། བོད་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དུས་རབས་གསར་པ་བཏོད་དེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད།
     ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ལ་མི་དམངས་ཀྱིས་ཀྱང་བརྗེད་མི་སྲིད། 1959ལོའི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནི་ཧ་ཅང་ཀླ་ཀློ་དང་། གདུག་རྩུབ། མུན་ནག རྗེས་ལུས་བཅས་ཡིན་པ་དང་། མངའ་བདག་ཆེན་པོ་གསུམ་གྱིས་ཞིང་བྲན་གྱི་དབང་ཆ་ཚང་མ་འཕྲོག་པ་དང་། ཞིང་བྲན་གྱི་གསོད་གསོན་དང་འཕྲོག་སྟེར་གྱི་དབང་ཆ་ཐུན་མོང་ཐོག་བཟུང་བ། ས་ཞིང་དང་འབྲོག་རས་གཙོས་པའི་ཐོན་སྐྱེད་རྒྱུ་ཆ་ཧམ་བཟུང་བྱས་པ། ཞིང་བྲན་གྱི་མི་ལུས་ལ་ཚོད་འཛིན་དང་བྲན་བཀོལ་གདུག་རྩུབ་ཤིན་ཏུ་ཆེ་བ། ཞིང་བྲན་ལ་ཀླ་ཀློའི་ཁྲལ་རིགས་སྣ་ཚོགས་ཀྱི་བཤུ་གཞོག་ཚད་མེད་གཏོང་བ། ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ལ་བསམ་བློའི་འཆིང་རྒྱ་དམ་པོ་བཟོས་པ་བཅས་བྱས་པས། ཞིང་བྲན་ཁྲི་ཚོ་བརྒྱ་འཆི་ཁའི་གནས་སུ་གྱར་ནས་སྤྱི་ཚོགས་ཧྲིལ་པོ་ཉམས་རྒུད་དུ་འགྲོ་བའི་ཉེན་ཁར་ཐུག
     ལོ་61རིང་ལོ་རྒྱུས་ལ་བརྗིད་རླབས་དགུང་འཕྱུར་གྱི་འཕོ་འགྱུར་བྱུང་བ་དང་། ལོ་61རིང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ཡར་ཐོན་ཆེན་པོ་བྱུང་ཡོད། ལོ་61རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་བློ་སྟོབས་ཆེན་པོས་འབད་འཐབ་བྱས་ཏེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་དང་། ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་པ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཟོས་ནས། བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་བཏོད་ཡོད། 2019ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་སྒོར་དུང་ཕྱུར་1600ལས་བརྒལ་བ་དེ་1959ལོའི་ལྡབ་206ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་བ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་གྱུར་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་པ་དེ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལྡབ་2ཡིན་པ། སྣོད་བཅུད་དམར་ཐིག་གི་དབྱེ་མཚམས་རགས་ཙམ་ཕྱེ་ནས་ལྗོངས་ཡོངས་ཀྱི་ཁུལ་ཁོངས་45%སྲུང་སྐྱོང་བྱེད་ཁོངས་ནན་ཤོས་ནང་བཅུག་ཡོད། དེང་གི་གངས་ལྗོངས་ས་མཐོར་ཕྱོགས་གང་ས་ནས་མཐུན་སྒྲིལ་འབད་འཐབ་དང་། རྒྱལ་ཁབ་མངའ་ཐང་རྒྱས་ཤིང་མི་སེམས་མཐུན་པ། སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འཆར་བ་སྟེ། མི་དམངས་ལ་དམངས་གཙོའི་ཆབ་སྲིད་དབང་ཆ་རྒྱ་ཁྱབ་ཏུ་ལྡན་པ་དང་། ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་སྲ་ཞིང་བརྟན་པ། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་བ། མི་དམངས་ཀྱི་འཚོ་བ་ཡག་ཏུ་ཤུགས་ཆེན་ཕྱིན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཕན་འབྲས་ཤིན་ཏུ་མངོན་གསལ་དོད།
     ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་བརྗེད་མི་རུང་། ཏང་གི་བཀའ་དྲིན་མཚོ་ལས་ཟབ། བོད་ཀྱི་འཕོ་འགྱུར་ཆེན་པོ་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་འགྲན་ཟླ་བྲལ་བ་གང་ལེགས་མངོན་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་འགྲན་ཟླ་བྲལ་བ་གང་ལེགས་མཚོན་པ་མ་ཟད། བོད་ཀྱི་མདུན་ལམ་དང་ལས་དབང་རླབས་ཆེན་མེས་རྒྱལ་དང་དམ་པོར་འབྲེལ་བ་དང་། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་མེས་རྒྱལ་གྱི་བརྟན་ལྷིང་དར་རྒྱས་དང་ཁ་འབྲལ་ཐབས་མེད་པ། བོད་ནི་ནམ་ཡང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡོད་མི་སྲིད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཡོད་མི་སྲིད། མུ་མཐུད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། “རྒྱལ་ཁབ་ནི་ཁྱིམ་ཚང་ཆེ་ཤོས་དང་། ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་ཡིན་པ”ནམ་ཡང་བློ་ལ་བརྟན་པོར་ངེས་པ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ”ནམ་ཡང་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ཚེ། གཞི་ནས་བོད་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་གང་ལེགས་བྱུང་ཡོད།
     རབ་དཀར་ས་འཛིན་རྩེ་མོ་དགུང་ལ་ཟུག བྱ་རྒྱལ་རྒོད་པོས་གཤོག་རྩལ་ཅི་དགར་ངོམ། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་པས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། དུས་ཚིགས་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་ཡག་པོ་བསྒྲུབས་ནས། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་རྒྱུན་མཐུད་རྒྱུན་འཁྱོངས་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་བ་དང“བརྟན་པོ་དྲུག”གི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས། “མཚམས་མི་འཇོག་པ་བཞིའི”བླང་བྱ་བློ་ལ་བརྟན་པོར་ངེས་ནས། དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་མཐོར་གཏོང་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་དབུལ་སྒྲོལ་གྲུབ་འབྲས་ལ་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་འགན་ལེན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་མཐུད་ཟབ་ཏུ་བཏང་སྟེ། ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གངས་ལྗོངས་ས་མཐོའི་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས།
     དུས་རབས་གསར་པར་འཆར་གཞི་གསར་པ་བཀོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དུང་བརྡ་གསར་པ་གྲགས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་ཚོད་ལ་དམ་འཛིན་དང་དུས་བཟང་ལ་གཅེས་སྤྲས་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།