མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏི་སའེ་ལ་འཕྲིན་ལན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་28ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏི་སའེ་ལ་འཕྲིན་ལན་སྤྲིངས་གནང་བ་རེད། འཕྲིན་ལན་ནང་གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་སྐུལ་འདེད་གཏོང་བར་ཐན་ཏི་སའེ་ཡིས་འབད་བརྩོན་ཧུར་ཐག་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀྲུང་གོས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
     ཟླ་3ཚེས་17ཉིན་ཐན་ཏི་སའེ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཤིང་། དེའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། སྐྱེ་བོ་ཀུན་གྱི་བསམ་ཡུལ་ལས་འདས་པའི་འབད་བརྩོན་ཆེན་པོ་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་སྲ་ཞིང་བརྟན་པའི་ཆོད་སེམས་བཅངས་པ་དང་ཀྲུང་གོ་མི་དམངས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་བ་ལས། ཀྲུང་གོར་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ལ་ཕྱོགས་ཡོངས་དང་ཁ་གཏད་མགྱོགས་མྱུར་གཅོག་ཐུབ་པ་བྱུང་ཡོད། དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལ་གཙོ་གནད་གཏན་འཁེལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་རིམས་ནད་ཁྱབ་མཆེད་འགྲོ་ཚུལ་ལ་འགྱུར་ལྡོག་གཏོང་ཐུབ་ངེས་ཡིན་པའི་ར་འཕྲོད་བྱུང་ཡོད། ངས་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་རིམས་འགོག་ལས་དོན་ལ་ཀྲུང་གོ་སྲིད་གཞུང་གིས་མ་དངུལ་བཏང་ནས་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། དགེ་བའི་ལས་དེ་ལས་འཛམ་གླིང་ཡོངས་ཀྱི་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་མཚོན་གྱི་ཡོད། རིམས་ནད་གང་མགྱོགས་འགོག་པའི་ངོས་ནས་བརྗོད་ན་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་འཁོད་ཡོད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཐན་ཏི་སའེ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། རིམས་ནད་ལ་འགོག་རྒོལ་བྱེད་པར་བསྔགས་བརྗོད་ཆེན་པོ་ཞུ་གི་ཡིན་ཞེས་དང་མིག་སྔར་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མུ་མཐུད་ཡག་ཏུ་འགྲོ་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་རྒྱུན་མི་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་འགྲོ་བ། སྔོན་འགོག་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ལས་དོན་གྱི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་པའི་བྱེད་ཐབས་སྟབས་བསྟུན་ལེགས་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས་ཁྱེད་ཀྱི་སྣེ་ཁྲིད་འོག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་འགོག་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་བྱེད་རིང་ཁྱེད་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགེ་མཚན་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུང་གོས་བྱ་སྤྱོད་ངོ་མར་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་འགོག་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཚུད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་ཁབ་80ལྷག་ཙམ་ལ་རོགས་རམ་བྱས་ཡོད། ཀྲུང་གོས་རང་ནུས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་འཁོད་ཡོད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ལས་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་སླར་ཡང་ར་འཕྲོད་ཐུབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྟ་རེས་སྐྱོང་རེས་དང་ཕྱར་བ་གྲུ་འདེགས་བྱེད་དགོས། ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་ཡོད།

  
style="display:none;"