འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་29ཉིན།

༄༅༎རྒྱལ་སྲུང་པུས་ཨ་རི་ཕྱོགས་ཀྱིས་འཁྲུག་སློང་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་26ཉིན་རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་རེན་གོ་ཆང་གིས་རྒྱལ་སྲུང་པུའུ་ཡི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཁྲུག་རྐྱེན་སློང་བའི་ཉེན་ཁའི་བྱ་སྤྱོད་སྤེལ་མཚམས་བཞག་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ལ་གནོད་རྐྱེན་མི་བཟོ་བ་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད། 
     རེན་གོ་ཆང་གིས་ཟླ་2ཚེས་17ཉིན་ཀྲུང་གོའི་མཚོ་དམག་གིས་སྤྱིའི་རྒྱ་མཚོའི་ཐོག་འཆར་ཅན་ནང་སྦྱོང་སྒྲིག་འཛུགས་བྱེད་རིང་ཨ་རིའི་མཚོ་དམག་གི་P-8Aམྱུལ་ཞིབ་གནམ་གྲུས་ཀྲུང་གོ་ཕྱོགས་ཀྱི་ཐ་ཚིག་ཐེངས་མང་བསྒྲགས་པར་མ་བལྟོས་པར་ཀྲུང་གོ་ཕྱོགས་ཀྱི་དམག་གྲུའི་དཔུང་སྡེར་ཆུ་ཚོད་4ལྷག་ལ་མྱུལ་ཞིབ་བྱས་པ་དང་། ཐག་ཆེས་ཉེ་དུས་ཀྲུང་གོ་ཕྱོགས་ཀྱི་དམག་གྲུ་དང་བར་ཐག་སྨི་400ཙམ་ལས་མེད། ཨ་རི་ཕྱོགས་ཀྱི་ཉེན་ཁ་ཆེ་བའི་བྱ་སྤྱོད་འདི་ནི་ཚད་ལྡན་མིན་ཞིང་། ཆེད་ལས་མིན་པ་དང་བདེ་འཇགས་ཀྱང་མ་རེད་ཅེས་བསྟན་པ་རེད།
     རེན་གོ་ཆང་གིས་དུས་ཡུན་རིང་པོའི་ནང་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་མདུན་ངོས་མཚོ་ཐོག་དང་བར་སྣང་ཁྱབ་ཁོངས་ལ་མྱུལ་ཞིབ་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་དམག་གྲུ་དང་གནམ་གྲུར་བར་ཐག་ཉེ་བ་དང་དུས་ཡུན་རིང་པའི་རྗེས་འདེད་ལྟ་ཞིབ་དང་འགལ་རྐྱེན་བཟོས་པ་དང་། ཐ་ན་ཉེན་ཁའི་ཉེ་བཅར་དང་ཁ་ཚ་དགོས་གཏུགས་ཀྱི་རྣམ་པ་ཐེངས་མང་བཟོས་ཡོད། ཨ་རི་ཕྱོགས་ཀྱི་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་དེ་རིགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་ཕྱོགས་གཉིས་པོའི་དམག་གྲུ་དང་གནམ་གྲུ་དང་། འཐབ་ས་དང་པོའི་དཔོན་དམག་གི་བདེ་འཇགས་ལ་གནོད་འཚེ་བཏང་བས། དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཐོག་མཚོ་འགྲུལ་རང་དབང་ལམ་ལུགས་ལ་གཏོར་བཤིག་བཏང་བ་དང་གང་བྱུང་དུ་སྤྱད་པ་ཞིག་རེད་ལ། ཀྲུང་གོ་དང་ཨ་རིའི་མཚོ་ཐོག་བདེ་འཇགས་གནད་དོན་སློང་བའི་འབྱུང་རྩ་ཡང་རེད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་དེའི་ཐད་མཐོང་ཡང་མ་མཐོང་བ་ལྟར་ཁ་ཡ་མི་བྱེད་པ་མ་ཟད། རྟག་ཏུ་མི་ངན་གྱིས་སྔོན་ལ་ཞུ་གཏུག་བྱེད་པ་དང་གཏམ་བརྗོད་དྲང་པོ་མིན་པ་སྤེལ་ནས་ཡིན་མིན་གོ་ལྡོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་འབྲེལ་ཨ་རི་ཕྱོགས་ལ་འཁྲུག་རྐྱེན་སློང་བའི་རང་བཞིན་ཆེན་པོ་ལྡན་པའི་ཉེན་ཁའི་བྱ་སྤྱོད་དེ་རིགས་སྤེལ་མཚམས་བཞག་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་དམག་དཔུང་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་ལ་གནོད་འཚེ་མི་བཟོ་བ་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།