འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་ཀྲུང་གོས་རྒྱལ་ཁབ་89དང་རྒྱལ་སྤྱིའི་རྩ་འཛུགས་4
ལ་རིམས་འགོག་རོགས་སྐྱོར་བྱས་ཡོད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་26ཉིན་རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཏེང་པོ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མིག་སྔར་ཁག་བཞིར་བགོས་ནས་རྒྱལ་ཁབ་89དང་རྒྱལ་སྤྱིའི་རྩ་འཛུགས་4ལ་རིམས་འགོག་རོགས་སྐྱོར་བྱས་ཡོད་པ་དང་ད་ཆ་ཁག་ལྔ་པའི་རོགས་སྐྱོར་ལག་བསྟར་ཇུས་གཞི་བཟོ་བཞིན་ཡོད། ད་ཐེངས་ཀྱི་ཕྱི་ཕྱོགས་ལ་རིམས་འགོག་རོགས་སྐྱོར་བྱས་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རོགས་སྐྱོར་དུས་ཚོད་གཅིག་སྡུད་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་ཞེས་བརྗོད་པ་རེད།
    ཏེང་པོ་ཆིང་གིས་རོགས་སྐྱོར་བྱ་ཡུལ་ཐད་ནས་བལྟས་ན། རིམས་ནད་ཅུང་ཚབས་ཆེ་བའི་རྒྱལ་ཁབ་ཚུད་ཡོད་ལ། སྤྱི་པའི་འཕྲོད་བསྟེན་མ་ལག་དང་རིམས་འགོག་ནུས་པ་ཅུང་ཞན་པའི་རྒྱལ་ཁབ་ཀྱང་ཚུད་ཡོད། ད་རུང་ཡོ་རོབ་མནའ་འབྲེལ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱང་ཚུད་ཡོད། ས་ཁོངས་ཁྱབ་ཚུལ་ཐད་ནས་བལྟས་ན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡའི་རྒྱལ་ཁབ་28དང་། ཡོ་རོབ་ཀྱི་རྒྱལ་ཁབ་16 ཨ་ཧྥེ་རི་ཁའི་རྒྱལ་ཁབ་26 མེ་གླིང་གི་རྒྱལ་ཁབ་9 ཞི་བདེ་རྒྱ་མཚོ་ལྷོ་མའི་རྒྱལ་ཁབ་10བཅས་ལ་ཛ་དྲག་གི་རོགས་སྐྱོར་བྱས་ཡོད། རོགས་སྐྱོར་བྱེད་སྟངས་ཐད་ནས་བལྟས་ན་སྨན་བཅོས་དངོས་ཟོག་རོགས་སྐྱོར་དང་སྨན་བཅོས་ལག་རྩལ་རོགས་སྐྱོར་གྱི་རྣམ་པ་གཉིས་ཚུད་ཡོད་ཅེས་བརྗོད་པ་རེད།
     ཏེང་པོ་ཆིང་གིས་ཀྲུང་གོས་རིམས་འགོག་རོགས་སྐྱོར་ཇུས་གཞི་གཏན་འཁེལ་བྱེད་སྐབས་གཙོ་བོ་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱས་ཡོད་པ་སྟེ། དང་པོ། ས་གནས་དེ་གའི་རིམས་ནད་ཚབས་ཆེ་ཆུང་དང་། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན། སྨན་བཅོས་དངོས་ཟོག་མི་འདང་བའི་ཚད་གཞི་བཅས་ཀྱི་གནས་ཚུལ་དང་། གཉིས་པ། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ལ་བཏོན་པའི་རོགས་སྐྱོར་གྱི་ཞིབ་ཕྲའི་དགོས་མཁོ། གསུམ་པ། ཀྲུང་གོ་སྲིད་གཞུང་རང་ཉིད་ལ་ལྡན་པའི་ནུས་པ་བཅས་ཡིན་ཞེས་བརྗོད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་གི་རིམས་འགོག་ལས་དོན་གྱི་དགོས་མཁོ་འགན་ལེན་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ནུས་ལྕོགས་ཚོད་་དང་གང་ཐུབ་ཅི་ཐུབ་ཀྱི་རྩ་དོན་གཞིར་བཟུང་རོགས་སྐྱོར་ལས་དོན་གྱི་ཇུས་གཞི་འོས་འཚམ་བཟོས་ཡོད། ཞིབ་ཕྲའི་རོགས་སྐྱོར་ཇུས་གཞིའི་ནང་་དངོས་ཟོག་གི་སྣ་ཁ་དང་། གྲངས་འབོར། ཕྱོགས་གཉིས་པོའི་འགན་འཁྲི། ལས་འགན་ཁག་བགོས་སོགས་ཚུད་ཡོད་པས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་གྲོས་མོལ་བྱས་ནས་གཏན་འཁེལ་བྱས་ཡོད་ཅེས་བརྗོད་པ་རེད།
     ཏེང་པོ་ཆིང་གིས“ཕྱི་ཕྱོགས་ལ་དངོས་ཟོག་རོགས་སྐྱོར་མཁོ་འདོན་བྱས་ནའང་འདྲ། སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་གཏོང་བྱས་ནའང་འདྲ། དང་ཐོག་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་འགན་ལེན་བྱེད་དགོས། གང་ལགས་ཤེ་ན། རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡང་དོན་དངོས་ཐོག་མིའི་རིགས་ཡོངས་ལ་ལེགས་སྐྱེས་ཕུལ་བ་ཞིག་རེད”ཅེས་བརྗོད་པ་དང་། རང་རྒྱལ་གྱི་མིག་སྔའི་རིམས་འགོག་ལས་དོན་ལ་འཕྲད་པའི་འགྲན་སློང་ཆེ་ཤོས་ཤིག་ནི་མངའ་ཁོངས་ཕྱི་རོལ་ནས་རིམས་ནད་འགོ་བའི་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དེ་རེད། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་ལ་རོགས་རམ་མཁོ་འདོན་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པར་འབད་བརྩོན་བྱེད་པ་དང་། རང་རྒྱལ་ལ་མངའ་ཁོངས་ཕྱི་རོལ་ནས་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་བ། ང་ཚོའི་དུས་རིམ་སྔོན་མའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་འགོག་རྒོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།