འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅༎ཐབས་ལམ་གསུམ་ལས་ཁེ་ལས་འབྲིང་ཆུང་གི་རོགས་སྐྱོར་སྲིད་ཇུས་ཤེས་རྟོགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་24ཉིན་གྱི་ཆུ་ཚོད་24ལ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་དུ་ད་ཡོད་ཀྱི་གཏན་འཁེལ་ནད་དཔེ་4287ཡོད་པ་དེའི་ནང་ནད་ཚབས་ལྕི་བའི་ནད་པ་1399ཡོད། རིམ་རྩིས་བྱས་ན་ནད་གཞི་དྲག་སྐྱེས་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་73650དང་། འཆི་བའི་ནད་དཔེ་3281 སྙན་སེང་ཞུས་པའི་གཏན་འཁེལ་ནད་དཔེ་ཁྱོན་81218 ད་ཡོད་ཀྱི་དོགས་ཡོད་ནད་དཔེ་134བཅས་ཡོད། ཟླ་3ཚེས་24ཉིན་རང་རྒྱལ་གྱི་ནང་ས་ནས་ཐོན་པའི་གཏན་འཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ་གསར་པ་ཐོན་མེད། དེ་ཉིན་ནས་བཟུང་ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ཧུའུ་པེར་སྐྱོད་སའི་འགྲོ་ལམ་གྱི་དོ་དམ་ཚོད་འཛིན་ཚང་མ་མེད་པར་བཟོས་ནས་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་ཡོད། གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བརྡ་ཁྱབ་གསར་ཤོས་ལྟར་ན། དེ་ཉིན་གོ་ལ་ཧྲིལ་པོར་གཏན་འཁེལ་ནད་དཔེ་ཁྲི་4ཙམ་གསར་དུ་འཕར་ཡོད། ས་གནས་ཁག་གིས་མུ་མཐུད་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ་དང་བསྟུན་ནས་མི་སྣ་འགྲོ་འོང་བྱེད་ཚད་མང་དུ་ཕྱིན་པས་ས་ཁོངས་ཕྱི་ནས་འགོ་བ་དང་ས་ཁོངས་ནང་གི་རིམས་ནད་བསྐྱར་ལོག་བྱ་རྒྱུར་ནན་འགོག་བྱེད་དགོས།
     ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཆ་འཕྲིན་ལག་རྩལ་གྱི་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། བཟོ་འཕྲིན་པུའི་གསར་འགྱུར་མགྲིན་ཚབ་པ་དང་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་སིའི་སི་ཀྲང་ཤེ་ཧྲའོ་ཧྥེང་གིས་བརྗོད་དོན། ད་ཐེངས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བརྒྱུད་རིམ་ནང་། གྲངས་གཞི་ཆེ་གྲས་དང་། མི་ཐབས་རིག་ནུས། ཁུལ་ཁོངས་སྦྲེལ་བ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། སྨན་བཅོས་སྒྲིག་གཞི་ཁག་གཅིག་གིས་གནད་སྨིན་ནུས་ཆེའི་སྒོ་ནས་ལག་རྩལ་གསར་པར་བརྟེན་ནས་རིམས་ནད་བརྟག་དཔྱད་དབྱེ་ཞིབ་དང་། ནད་དུག་ཁུངས་འདེད། ནད་པར་རྗེས་སྙེག སྡེ་ཁུལ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཡོད། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཐད། ས་གནས་ཁག་གཅིག་གིས་མི་མེད་ཐོན་སྐྱེད་དང་། རྒྱང་ཁྲིད་འཁོར་རྒྱུག དྲ་ཐོག་ནས་ཞབས་ཞུ་སོགས་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་ཁྱབ་གདལ་བཏང་ནས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ནུས་མགྱོགས་མྱུར་སླར་གསོ་ཐུབ་པ་བྱས་ཡོད། རིམས་ནད་ཐོན་རིང་། མི་ཐབས་རིག་ནུས་ལག་རྩལ་གྱིས་ནུས་པ་གལ་ཆེན་བཏོན་ཞིང་། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་མི་ཐབས་རིག་ནུས་མ་ལག་20ལྷག་ཙམ་གྱིས་རྒྱལ་ཡོངས་ཀྱི་སྨན་ཁང་བརྒྱ་གྲངས་སུ་དོགས་ཡོད་ནད་དཔེ་དང་གཏན་འཁེལ་ནད་དཔེ་སོགས་ལ་ཞབས་ཞུ་བྱེད་ཚད་མི་ཐེངས་ཁྲི་བཅུ་ཙམ་ཟིན་ཡོད་པ་རེད།
     འཕྲིན་གཏོང་འགན་ལེན་ཡག་པོ་བྱ་ཆེད། བཟོ་འཕྲིན་པུའུ་དང་། ས་གནས་ཁག་གི་འཕྲིན་གཏོང་དོ་དམ་ཅུས། གློག་འཕྲིན་ཁེ་ལས་བཅས་ཀྱིས་ཉིན་མཚན་དབྱེར་མེད་ངང་འཕྲལ་སྡོམ་སྡོད་བྱ་བྱས་པ་དང་། རྒྱལ་ཁབ་ཀྱི་འཕྲལ་སྡོམ་འཕྲིན་གཏོང་རིམ་པ་དང་པོའི་འགན་ལེན་རུ་ཁག་32ཀྱིས་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་བསྡད་པས། འགག་རྩའི་མ་ལག་བརྟན་པོའི་ངང་འཁོར་རྒྱུག་འགན་ལེན་ཐུབ་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་འཕྲིན་གཏོང་ལས་རིགས་ཀྱིས་རིམ་རྩིས་བྱས་ན་འཕྲིན་གཏོང་འགན་ལེན་མི་ཐེངས་ཁྲི་35.7དང་རིགས་ཁག་གི་འགན་ལེན་འཁོར་རིགས་ཐེངས་ཁྲི་17.4བཏང་ནས་རྒྱལ་ཡོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་འཁོར་རྒྱུག་བརྟན་པོ་ཡོང་བ་བྱས་ཡོད།
     རིམས་ནད་ཕྱི་ནས་མི་འགོ་བ་བྱ་ཆེད། ཟླ་3ཚེས་6ཉིན་ནས་བཟུང་། “འཕྲིན་གཏོང་གི་གྲངས་གཞི་ཆེ་མོའི་འགྲུལ་བཞུད་གཱ”དངོས་སུ་སྤྱོད་འགོ་ཚུགས་ནས་ས་ཁོངས་ཕྱི་ནས་ཡོང་བའི་མི་སྣའི་གནས་ཚུལ་རྩད་གཅོད་ཐུབ་པས། ཆ་འཕྲིན་རྫུན་ཞུ་དང་སྙན་སེང་མི་ཞུ་བ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཀྱི་ཡོད།
     ཆ་འཕྲིན་པུའུ་ཁེ་ལས་འབྲིང་ཆུང་གི་ཅུས་ཀྲང་གཞོན་པ་ཆིན་ཀྲེ་ཧུའེ་ཡིས། ཆ་འཕྲིན་པུས་ཟླ་2ཚེས་9ཉིན་ཁེ་ལས་འབྲིང་ཆུང་ལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་དཀའ་གནད་མཉམ་དུ་སྒྲོལ་རོགས་བྱེད་པའི་བྱེད་ཐབས་ཁག་20བཀྲམ་ནས་ས་གནས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་མཛུབ་ཁྲིད་བྱས་ཡོད། འབྲེལ་ཡོད་ལྟ་ཞིབ་ཚད་ལེན་ལས་མངོན་དོན། ཟླ་3ཚེས་24ཉིན་ཁེ་ལས་འབྲིང་ཆུང་གི་ལས་འགོ་བསྐྱར་འཛུགས་བྱེད་ཚད་71.7%ཟིན་པ་དེ་ཟླ་2ཚེས་23ཉིན་ལས་བརྒྱ་ཆའི་གནས་42.1འཕར་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད།
     རིམས་ནད་ཐོན་རིང་། ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་རོགས་བྱ་ཆེད། རྒྱལ་ཁབ་དང་ས་གནས་ཀྱིས་རོགས་སྐྱོར་སྲིད་ཇུས་མང་པོ་བཏོན་ཞིང་། སྤྱི་དམངས་ཀྱིས་ཐབས་ལམ་གསུམ་བརྒྱུད་དེ་སྲིད་ཇུས་དེ་དག་ལ་ཤེས་རྟོགས་བྱེད་ཆོག་པ་སྟེ། གཅིག་ནི་ཀྲུང་གོ་སྲིད་གཞུང་གི་དྲ་བའི་ཐོག“རིམས་ནད་ལ་ཁ་གཏད་གཅོག་པ་དང་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མཛོད”བཟོས་ནས་སྲིད་ཇུས་སྣ་ཚོགས་ཕྱོགས་བསྒྲིགས་བྱས་པ་དང་། གཉིས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་དོན་ཞབས་ཞུའི་ལས་སྟེགས་ཐོག“ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་ཚོང་དུད་ཀྱི་ཞབས་ཞུའི་ཆེད་སྒྲོམ”བཟོས་ཏེ་གཅིག་འཐུས་རྣམ་པའི་སྲིད་ཇུས་འདྲི་རྩད་དང་ཞབས་ཞུའི་འཛུལ་སྒོ་མཁོ་འདོན་བྱས་པ། གསུམ་ནི་བཟོ་འཕྲིན་སྡེ་ཚན་གྱི་དྲ་ཚིགས་ཨ་མའི་ཐོག《ཁེ་ལས་འབྲིང་ཆུང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཁྲིད་སྟོན》བཏོན་ནས་ཁེ་ལས་ལ་འཕྲད་པའི་གནད་དོན་དང་སྲིད་ཇུས་རིགས་དབྱེ་ཆ་སྒྲིག་བྱས་ཏེ་ཁེ་ལས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཁོང་དུ་ཆུད་རྒྱུར་སྟབས་བདེ་སྐྲུན་པ་བཅས་རེད།