འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།བོད་ཀྱིས་བྱ་ཐབས་སྣ་མང་སྤྱད་ནས་དཔྱིད་དུས་ཞིང་འབྲོག་ལས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་པར་
རོགས་རམ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལྟ་དཔྱིད་རྨོད་དཔྱིད་གྲབས་བྱེད་པའི་སྒང་ཡིན་པས། བོད་ཀྱིས་སྔ་ས་ནས་བྱ་སྤྱོད་སྤེལ་བ་དང་། མཁོ་སྤྲོད་འགན་ལེན་ལ་དམིགས་པ། ཐོན་ནུས་ཆེར་གཏོང་ལ་དམ་འཛིན་བཅས་བྱ་ཐབས་སྣ་མང་སྤྱད་དེ་དཔྱིད་རྨོད་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད། མིག་སྔར། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་རྣམ་གྲངས་ལས་འགོ་འཛུགས་ཚད་94.7%དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་50%ཟིན་པ་དང་། དགུན་འདེབས་ལོ་ཏོག་མུའུ་ཁྲི་39.03སྐྱེ་ཚུལ་ལེགས་པ། “ཤ་ཚལ་སྒོང་གསུམ”དང་འབྲོག་ལས་སོགས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད།
    བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཧྲའོ་མིང་གིས་ངོ་སྤྲོད་བྱས་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཞིང་འབྲོག་ལས་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མི་ཡོང་བ་བྱ་ཆེད། ཞིང་ཟོག་དང་འབྲོག་ཟོག་མཁོ་སྤྲོད་ནུས་ལྡན་དང་ཞིང་འབྲོག་གི་གཙོ་གནད་ཐོན་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ལ་དམིགས་ཏེ། བོད་ཀྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་ཆིག་སྟོང་ལྷག་ཙམ་འཐབ་ས་དང་པོར་ཞབས་འདེགས་ཞུ་བར་བཏང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་སྤྱི་བདེ་སོགས་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། “ཐོགས་མེད་བགྲོད་ལམ”བཏོད་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས་པ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་པས། མིག་སྔར་ཞིང་ལས་དང་འབྲེལ་བའི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་76.6%ཟིན་པ་དང་ཐོན་ནུས་སླར་གསོ་ཐུབ་ཚད་67.5%ཟིན་པ། ཞིང་སྤྱོད་དངོས་ཟོག་དུས་ཐོག་ཏུ་ཉོ་སྒྲུབ་དང་གཏོང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ཞིང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་3000སྤྲད་དེ་ཞིང་སྤྱོད་དངོས་ཟོག་ཉོ་སྒྲུབ་ཐད་སྤྱད་ཡོད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་འགན་ལེན་བྱ་ཆེད། བོད་ཀྱིས“སྲིད་གཞུང་གིས་མ་འཇོག་བྱས་པའི་ཞིང་འབྲོག་ལས་ཀྱི་རྣམ་གྲངས་ཁྲོད་ཡུལ་དེ་གའི་ལས་མིས་60%ཡན་བཟུང་དགོས་པ་དང་། སྒོར་ཁྲི་400མན་གྱི་རྣམ་གྲངས་ཡུལ་དེ་གའི་ཞིང་པ་ལས་མིའི་ཨར་ལས་རུ་ཁག་ལ་སྤྲོད་དགོས་པ། ཡུལ་དེ་གའི་ལས་མིས་80%ཡན་ཟིན་དགོས་པའི”གཏན་འབེབས་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་འབྲོག་པར་གླ་ཕོགས་ཀྱི་ཡོང་འབབ་མང་དུ་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་བོད་དུ་སྔོ་ཚལ་རྒྱ་ཁྱོན་གྱིས་མུའུ་ཁྲི་3.97ཟིན་པ་དང་། ཟླ་2ཚེས་1ཉིན་ཚུན་དུ་སྔོ་ཚལ་མུའུ་ཁྲི་0.99རྒྱ་སྐྱེད་བཏང་བས། ཟླ་3པར་སྔོ་ཚལ་མུའུ་ཁྲི་0.86བསྡུ་ཆོག་པ་དང་ཁྲོམ་རར་འདོན་ཚད་ཏུན་ཁྲི་1.2ཟིན་རྒྱུ་རེད། གཞན་ཡང་། ཕག་པ་གཞི་ཁྱོན་གསོ་ཚགས་ར་བ་22ལ་དམིགས་བཙུགས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། བོད་དུ་ཟླ་2པར་ཕག་པ་དང་ཕག་ཕྲུག་སྐྱེ་ཐུབ་པའི་མོ་ཕག་གསོ་ཚགས་བྱེད་ཚད་དེ་གོང་ལས་4.7%དང་1.2%སོ་སོར་འཕར་ཏེ། ཕག་པའི་རྨང་གཞིའི་ཐོན་ནུས་རིམ་བཞིན་བསྐྱར་འཕར་བྱེད་བཞིན་ཡོད། དེ་དང་ཆབས་ཅིག འབྲོག་ཁུལ་གྱི་ནོར་ལུག་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ད་བར་ལྗོངས་ཡོངས་ཀྱི་རིགས་ཁག་གི་སྒོ་ཕྱུགས་ཀྱིས་བེའུ་མགོ་གྲངས་ཁྲི་188.7སྐྱེས་པ་དང་གསོན་ཚད་90.8%ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.47འཕར་ཡོད།
    ལི་ཧྲའོ་མིང་གིས་ངོ་སྤྲོད་བྱས་དོན། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ནད་སློང་ཤུགས་ཆེ་བའི་བྱ་རིགས་ཀྱི་ཆམ་རིམས་དང་ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་ཚོད་འཛིན་བྱ་ཡུལ་གཙོ་བོར་བརྩིས་ཏེ། ནད་ཡམས་ཞིབ་བཤེར་དང་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་དཔྱིད་དུས་ཀྱི་གཅིག་སྡུད་ནད་འགོག་ལས་དོན་སྤེལ་ཡོད། སྔ་སྣུར་དུ་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.1སྤྲད་པ་དང་། གཟན་ཆགས་ཏུན་ཁྲི་91.95གྲབས་གསོག་བྱས་པ་མ་ཟད། གནོད་འཚེ་ཐོན་སླ་བའི་ས་ཁོངས་ཀྱི་གངས་ལྷགས་ཀྱི་གནོད་འཚེར་དོ་སྣང་ཆེན་པོ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས་བཟོས་ནས་གནོད་འཚེ་ཐོན་ཕྱིན་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་པའི་འགན་ལེན་བྱ་རྒྱུ་རེད།