༄༅།།བོད་ཀྱིས“བདེ་ཐང་ཨང་རྟགས”སྤྱོད་འགོ་ཚུགས་ནས་ རིམས་ནད་ཕྱི་ནས་འགོ་རྒྱུ་འགོག་པ།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 03ཚེས་27ཉིན། 10:19】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཕྱི་ནས་འགོ་བའི་ཉེན་ཁ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་དམའ་རུ་གཏོང་ཆེད། བོད་ཀྱིས་བོད་ཀྱི“བདེ་ཐང་ཨང་རྟགས”སྤྱོད་འགོ་ཚུགས་ནས་བོད་དུ་ཡོང་མཁན་གྱི་མི་སྣར་གནད་སྨིན་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀེང་ཡུན་གྱིས་བདེ་ཐང་ཨང་རྟགས་ནི་གྲངས་གཞི་ངོ་མ་རྨང་གཞིར་བྱས་པ་དང་། བོད་དུ་ཡོང་མཁན་མི་སྣས“བོད་ཀྱི་སྲིད་དོན་ཞབས་ཞུའི”སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ཏེ“བདེ་ཐང་ཐོ་འགོད་མ་ལག”ནང་འཛུལ་ནས་ཐོ་འགོད་པ་དང་། ལྟ་བཤེར། ཞིབ་བཤེར་ར་འཕྲོད་བཅས་བྱེད་ཆོག་པ་དང་། མ་ལག་དེས་བོད་དུ་ཡོང་མཁན་གྱི་ནད་གཞིའི་ལོ་རྒྱུས་དང་། ཚ་བ་ཞིབ་དཔྱད་ཚད་ལེན། གནས་སྡོད་བྱས་པའི་ལོ་རྒྱུས་སོགས་ཀྱི་གནས་ཚུལ་ལ“དམར་རྟགས”དང་། “སེར་རྟགས”“ལྗང་རྟགས”བཅས་གསལ་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
གཏན་འབེབས་གཞིར་བཟུང་། གཏན་འཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ་ཡིན་པའམ་ཡང་ན་དེ་དང་འབྲེལ་གཏུག་དམ་ཟབ་བྱེད་མཁན་དང་། ཉེ་བའི་ཉིན་14ཡི་ནང་ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྡོད་བྱས་པའི་ལོ་རྒྱུས་ཡོད་མཁན། ཉེ་བའི་ཉིན་14ཡི་ནང་ནད་དཔེ་དང་འབྲེལ་བ་དམ་ཟབ་ཡོད་མཁན་བཅས་ནི“དམར་རྟགས”ཡིན་པ་དང་།“དམར་རྟགས”གསལ་བའི་མི་སྣས་ངེས་པར་དུ་གནས་གཏན་འཁེལ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པའམ་ཡང་ན་གཅིག་སྡུད་གསོ་རིག་གི་ལོགས་འཇོག་བྱས་ནས་བརྟག་དཔྱད་བྱེད་དགོས། མིག་སྔར་ཁྱིམ་དུ་ལོགས་འཇོག་བྱེད་མཁན་གྱི་གཟུགས་པོའི་དྲོད་ཚད་རྒྱུན་གཏན་མིན་པ(ཧྲེ་ཧྲི་ཏུའུ་37.3ལས་མཐོ་བའམ་མཚུངས་པ)དང་། ཚ་བ་རྒྱས་པ། ཤུགས་མེད་པ། གློ་རྒྱག་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་མི་བདེ་བའི་ནད་རྟགས་ཐོན་ཡང་ནད་གཞི་གཞན་དག་མེད་པའི་རིགས་དང་། ཉིན་14ཡི་ནང་ཉེན་ཁ་འབྲིང་བའི་ས་ཁུལ་ནས་བོད་དུ་ཡོང་མཁན་ནི“སེར་རྟགས”ཡིན་པ་དང་། “སེར་རྟགས”གསལ་བའི་མི་སྣས་ངེས་པར་དུ་ཁྱིམ་དུ་བསྡད་ནས་ལོགས་འཇོག་བྱེད་པའམ་ཡང་ན་གཅིག་སྡུད་གནས་གཏན་འཁེལ་གྱི་ལོགས་འཇོག་བྱ་ཐབས་སྤྱོད་དགོས་པ་དང་། ཉིན་ལྟར་ཚ་བ་ཐེངས་གཉིས་བལྟས་ཏེ། བདེ་ཐང་ཐོ་འགོད་མ་ལག་བརྒྱུད་ཉིན་ལྟར་བདེ་ཐང་ཐོ་འགོད་བྱེད་དགོས། དེ་མིན་གྱི་མི་རྣམས“ལྗང་རྟགས”ཡིན་པ་དང་དེ་དག་གིས་ངེས་པར་དུ་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ། ཚ་བ་ལྟ་བ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།