འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་27ཉིན།

༄༅།།ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་དངོས་ཟོག་ཞལ་འདེབས་བརྒྱབ་ནས་ཐུན་མོང་ཐོག་རིམས་འགོག་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་27ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་མགྱོགས་མྱུར་མཆེད་ཡོད། ཉིན་ཤས་བསྟུད་མར་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་ཁག་གཅིག་གིས་ཁེ་ལས་གནས་སའི་རྒྱལ་ཁབ་ལ་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་གཅིག་མཇུག་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་སྟེ་ས་གནས་དེའི་མང་ཚོགས་དང་མཉམ་དུ་རིམས་ནད་འགོག་རྒོལ་བྱས་ཡོད།
    སྤྱི་ཁྱབ་པུའུ་པུ་རུ་སེར་བཙུགས་པའི་ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་3ཚེས་20ཉིན་བར་ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་ཀྱི་ཚོགས་མིས་ཡོ་རོབ་རྒྱལ་ཁབ་ལ་རིན་ཐང་མི་དམངས་ཤོག་སྒོར་ཁྲི་4000ལྷག་ཙམ་རི་བའི་ཁ་རས་དང་དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད་པ་རེད།
    ཚེས་18ཉིན་ཀྲུང་ཡོན་མཚོ་འདྲེན་ཚོགས་པས་དབྱི་ཐ་ལིའི་ལི་ཀུའུ་ལི་ཡ་ཁུལ་ཆེན་ལ་ཞལ་འདེབས་འབུལ་བའི་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་ཚུད་པའི་མི་དམངས་ཤོག་སྒོར་ཁྱོན་སྒོར་ཁྲི་45རི་བའི་རིམས་འགོག་དངོས་ཟོག་སྨི་ལན་དུ་འབྱོར་བ་རེད། དབྱི་ཐ་ལིའི་དྲ་དམངས་ཀྱིས་དེའི་ཐད། དངོས་ཟོག་འདི་དག་འབྱོར་བ་ནི་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་ལྟར་རེད་ཅེས་དཔྱད་གཏམ་སྤེལ་ཡོད།
    ཀྲུང་གོ་དངུལ་ཁང(ལུ་ཙེམ་པོག)ཚད་ཡོད་ཀུང་སིར་ཀེ་རི་སེ་ཕྱོགས་ཀྱི་ཁ་རས་ཀྱི་ཛ་དྲག་རོགས་སྐྱོར་རེ་ཞུ་འབྱོར་རྗེས། ཚེས་18ཉིན་ཀེ་རི་སེའི་ཕྱི་འབྲེལ་པུའུ་དང་། ནོར་སྲིད་པུའུ། ཨ་ཐེན་སི་གྲོང་ཁྱེར་སྲིད་གཞུང་། ཀེ་རི་སེ་ཚོང་དོན་སྐུལ་འདེད་ཚོགས་པ་སོགས་ལ་ཁ་རས་ཞལ་འདེབས་བརྒྱབ་ཡོད།
    ཧྥ་རན་སེར་ཐོན་པའི་རིམས་ནད་ཉིན་བཞིན་ཚབས་ཆེ་རུ་འགྲོ་བ་དང་བསྟུན་ནས། ཧྥ་རན་སེའི་ཀྲུང་གོའི་བཟོ་ཚོང་ལྷན་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་རོགས་རེས་ལམ་སྲོལ་བཟོས་ཡོད། དེའི་རྒྱབ་ལྗོངས་འོག་ཚེས་19ཉིན། ཡོ་རོབ་མནའ་འབྲེལ་ཀྲུང་གོའི་ཚོང་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཀྲུང་གོ་བཟོ་ཚོང་དངུལ་ཁང་ཕ་རི་སིའི་ཡན་ལག་དངུལ་ཁང་གིས་ཞལ་འདེབས་བརྒྱབ་པའི་འགོག་སྲུང་ཁ་རས་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཧྥ་རན་སེ་ཕྱོགས་ཀྱི་ཁ་གཏད་སྒྲིག་གཞིར་སྤྲད་ཡོད།
    དབྱི་ཐ་ལིར་ཀྲུང་གོ་དངུལ་ཁང་གིས་སྨི་ལན་གྲོང་ཁྱེར་སྲིད་གཞུང་དང་རྒྱ་གྲམ་དམར་པོ་སོགས་ལ་རིན་ཐང་ཡོ་སྒོར་ཁྲི་500(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་3793)རི་བའི་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་། དེའི་ནང་ཁ་རས་དང་དབུགས་འབྱིན་རྔུབ་འཕྲུལ་ཆས་སོགས་ཚུད་ཡོད།
    ཉེ་ཆར་དབྱི་ཐ་ལིར་བཅའ་སྡོད་ཀྲུང་གོ་གློག་འཕྲིན་དོན་གཅོད་ཁྲུའུ་ཡིས་ཝུའེ་ལུའོ་ནཱ་གྲོང་ཁྱེར་སྲིད་གཞུང་ལ་ཁ་རས་ཞལ་འདེབས་བརྒྱབ་ནས་སྲིད་གཞུང་སྡེ་ཚན་གྱི་ལས་དོན་པ་དང་ཉེན་རྟོག་པ་སོགས་ལ་སྤྲད་ཡོད། ཝེ་ལུའོ་ནཱའི་ཧྲི་ཀྲང་ཧྥེ་ཏའེ་ལི་ཁོ·སི་པོ་ཨ་ལི་ནཱ་ཡིས“ཀྲུང་གོ་གློག་འཕྲིན་གྱིས་ང་ཚོར་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་བྱུང”ཞེས་བརྗོད་པ་རེད།
    ཅི་ལི་མ་རྐང་ཚོད་འཛིན་ཚོགས་པས་ལི་ཧྲུའུ་ཕུའུ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་འཇར་མན་དང་། སུའེ་ཏེན། དབྱིན་ཇི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་ལ་རིན་ཐང་མི་དམངས་ཤོག་སྒོར་ཁྲི་200རི་བའི་སྨན་བཅོས་དངོས་ཟོག་ཁག་དང་པོ་ཞལ་འདེབས་རྒྱག་རྩིས་ཡོད་པ་རེད། མིག་སྔར་ཅི་ལིའི་མངའ་འོག་གི་ཀྲུང་གོ་དང་ཡོ་རོབ་ཀྱི་རླངས་འཁོར་ལག་རྩལ་ལྟེ་གནས་ཀྱིས་སུའེ་ཏེན་གྱི་ཀེ་ཏེ་པའོ་ཡི་ས་གནས་དེའི་སྨན་ཁང་ལ་ཁ་རས་སོགས་ཀྱི་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད།
    ཡོ་རོབ་མནའ་འབྲེལ་ཀྲུང་གོ་ཚོང་ཚོགས་2018ལོའི་ཟླ་8པར་པུ་རུ་སེར་ཐོ་འགོད་བྱས་ཡོད། མིག་སྔར་ཚོང་ཚོགས་དེར་ཚོགས་མིའི་ཚན་པ་60ཙམ་ཡོད་པ་དང་། དེས་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་1000ཙམ་གྱི་ཚབ་མཚོན་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཀྲོའུ་ལེ་ཧུང་གིས་ཚོང་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཆེད་དོན་ཚན་ཁག་བཙུགས་ནས་ཐོན་ཁུངས་མཐུན་སྦྱོར་སྦྲེལ་མཐུད་དང་ཞལ་འདེབས་རྒྱག་རྒྱུར་སྐུལ་སློང་བྱས་ཏེ་ཡོ་རོབ་མང་ཚོགས་དང་མཉམ་དུ་ཕྱར་བ་གྲུ་འདེགས་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་རྒྱུ་ཡིན། མིག་སྔའི་ཞལ་འདེབས་ནི་གོམ་སྟབས་དང་པོ་སྤོས་པ་ཞིག་ཡིན། ཚོང་ཚོགས་ཀྱིས་ཁོངས་མི་དང་རོགས་ཟླ་སྐུལ་སློང་བྱས་ནས་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱས་ཏེ་རིམས་ནད་འགོག་རྒོལ་ལ་མཐའ་མའི་རྒྱལ་ཁ་ལེན་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད།