འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅༎ཧྲའན་ཤིས་ཀྱིས་རྒྱལ་ནང་གི་རྟེན་རྫས་བཤམས་མཛོད་ཁང་གི་རིམས་འགོག་ལྟ་ཞིབ་ཚད་ལེན་མ་ལག་
ཐོག་མ་བདེ་བླག་ངང་ཞིབ་བཟོ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཤིས་ཨན་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱིས་རྒྱལ་ནང་གི་ཟོག་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེ་མོ། མིས་བཟོས་རིག་ནུས་སོགས་ལག་རྩལ་གཞི་གཅིག་ཏུ་འདུས་པའི་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་པའི་འཕྲོད་བསྟེན་རིམས་འགོག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་འཚོལ་བསྡུའི་མ་ལག་ཐོག་མ་དེ་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པ་རེད། རིག་ནུས་ལྟ་ཞིབ་ཚད་ལེན་ལས་སྟེགས་དེ་བབས་ཚིགས་ཀྱི་དྲོད་ཚད་འཇལ་བའི་མ་ལག་དང་། སྤྲིན་ཚོམ་སྔོན་ཚུད་ཉེན་བརྡ་གཏོང་བའི་མ་ལག་ལས་གྲུབ་ཅིང་། “གནད་དོན་མ་ཐོན་གོང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། གནད་དོན་ཐོན་རིང་ཐག་གཅོད་བྱེད་པ། གནད་དོན་ཐོན་རྗེས་ཁུངས་འདེད”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྡོམ་དམིགས་ཚད་མངོན་འགྱུར་ཐུབ་སྟེ་མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ལག་རྩལ་ཐད་ཀྱི་ལེགས་ཆ་མང་པོ་ལྡན་ཡོད་པ་རེད།
     རྒྱལ་ནང་གི་ཏོག་གསར་གློ་ཚད་རིམས་ནད་རིམ་བཞིན་ཚོད་འཛིན་ནུས་ལྡན་ཐུབ་པ་དང་ཆབས་ཅིག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་ཁུལ་ཁག་གི་རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་གཅིག་མཇུག་གཉིས་མཐུད་ངང་གོ་རིམ་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་དབྱེའི་སླར་གསོ་བྱུང་བ་དང་། རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་རྗེས་རིམས་ནད་ཀྱི་འགྱུར་ལྡོག་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱ་ཆེད། ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱིས་མ་ལག་དེ་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པ་རེད། མ་ལག་དེས་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱི་ཁོངས་སུ་གཏོགས་པའི་ཧྲའན་ཤིས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་། གོང་མ་ཆིན་ཧྲི་ཧོང་གི་བང་སོའི་རྟེན་རྫས་བཤམས་མཛོད་ཁང་། ཤིས་ཨན་རྡོ་རིང་ཚལ་གྱི་རྟེན་རྫས་བཤམས་མཛོད་ཁང་། གོང་མ་ཧན་ཇིང་ཏིས་ཀྱི་རྟེན་རྫས་བཤམས་མཛོད་ཁང་བཅས་ཧྲའན་ཤིས་ཀྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་གྲས་བཞིའི་མང་ཚོགས་ཀྱི་འདུ་འཛོམས་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་འདུ་གནས་ཀྱི་རིམས་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་ནས་དུས་ཐོག་ཏུ་བསྡུ་རུབ་བྱས་པའི་གྲངས་གཞི་རྨང་གཞིར་བྱས་ཤིང་། ཧྲའན་ཤིས་ཞིང་ཆེན་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི“སྔོན་འགོག་རང་བཞིན་གྱི་གྲངས་གཞི་སྲུང་སྐྱོང་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བའི་ལས་སྟེགས”མ་ལག་ལ་འཕྲལ་དུ་བསྐུར་གྱི་ཡོད་ལ། མིས་བཟོས་རིག་ནུས་མ་ལག་བརྒྱུད་གྲངས་གཞིར་བསྡུར་བ་བྱས་ནས་མངོན་མེད་ཀྱི་འགོ་བའི་རང་བཞིན་གྱི་རིམས་ནད་སྣ་ཚོགས་ཀྱི་ཉེན་ཁའི་རྒྱུ་རྐྱེན་གང་མགྱོགས་དབྱེ་འབྱེད་ཐུབ་སྟེ། ཞིང་ཆེན་ཐད་གཏོགས་རྟེན་རྫས་བཤམས་མཛོད་ཁང་བཞིའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་རིམས་འགོག“དྲ་བ་གཅིག”བསྐྲུན་པ་རེད།