འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།མཚོ་བོད་ས་མཐོའི་བོད་རིགས་ཤང་ཞིག་ནས་གྲགས་པའི་དབུལ་སྐྱོར་གྱི་གཏམ་བཟང།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ལོ་རེའི་ཡོང་འབབ་སྒོར་3500ཙམ་ནས་སྒོར་ཁྲི་20ལྷག་ཙམ་བར་འཕར་བར་བོད་རིགས་འབྲོག་པ་སུང་ཐན་ཀྲུའུ་ཡིས་བགྲང་བྱ་བདུན་ལས་སྤྱད་མེད།
    དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་དུ་གནས་པ་དང་། ས་བབ་མཐོ་བ། རང་བྱུང་ཆ་རྐྱེན་ཅུང་ཞན་པས་ཤིན་ཏུ་དབུལ་བའི་རྫོང་ཁོངས་སུ་གཏོགས་ཤིང་། 2013ལོའི་ལོ་མཇུག་ཏུ་དབྱེ་འབྱེད་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་86ཡོད་པ་དང་དབུལ་པོ་ཐོན་ཚད་33.8%ཟིན་ཡོད་པ་རེད།
    སུང་ཐན་ཀྲུའུ་གནས་སའི་བཀྲ་ཤིས་ཕྱུག་ལུང་གྲོང་རྡལ་དར་ལུང་གོང་མ་གྲོང་ཚོ་ནི་དེ་སྔ་གྲོང་ཚོ་དབུལ་པོའི་གྲས་ཤིག་ཡིན། ལོ་བདུན་གོང་ཁོང་གི་ནང་མི་བཞི་པོ་རང་འབབ་ཆུ་ཀ་ལ་མེད་པའི་ས་ཕག་གི་ཁང་པ་ཞིག་ནང་སྡོད་ཀྱི་ཡོད་པ་དང་ནང་མི་ཚང་མའི་ལོའི་ཡོང་འབབ་སྒོར་3500ཡང་ཟིན་གྱི་མེད།
    གནད་སྨིན་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཚུན། སུང་ཐན་ཀྲུའུ་ཡི་ཁྱིམ་ཚང་དབུལ་སྐྱོར་བྱ་ཡུལ་གྲས་སུ་བཅུག་པ་རེད། “སྲིད་གཞུང་གིས་དུད་ཚང་རེར་ཁ་གསབ་དངུལ་སྤྲད་དེ་སྡོད་ཁང་གསར་པ་བརྒྱབ་པ་དང་། ངས་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་སྒོར་ཁྲི་5འདུན་ཞུ་བྱས་ནས་གསོ་ཚགས་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་བ་ཡིན”ཞེས་ཁོང་གིས་བརྗོད་བྱུང་།
    ལོ་མང་རིང་ཉམས་མྱོང་གསོག་འཇོག་བྱས་པ་བརྒྱུད། ད་ཆ་ཁོང་གིས་ལུག་མགོ་གྲངས་380དང་འབྲི་གཡག་དཀར་པོ་མགོ་གྲངས་40གསོ་ཚགས་བྱས་ནས་ལོ་ལྟར་ཕྱུགས་རིགས་གསོ་ཚགས་ཁོ་ན་ནས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཡོང་གི་ཡོད། ཁོང་གིས་ད་དུང་ཉེ་འགྲམ་གྱི་གྲོང་མིའི་སྣེ་ཁྲིད་དེ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གངས་ལྗོངས་བོད་ལུག་གསོ་ཚགས་རྒྱུད་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ལུག་རྫི་ཆུང་ཆུང་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་པ་རེད།
    དར་ལུང་གོང་མ་གྲོང་ཚོའི་རྩྭ་ཐང་རྒྱ་ཆེ་ལ་རྩྭ་ཆུ་བཟང་ཞིང་། ཉེ་བའི་ལོའི་ནང་ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་ནས་མུ་ཏིག་སྣོད་བཅུད་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་རེད། སུང་ཐན་ཀྲུའུ་ཡིས་རང་ཁྱིམ་གྱི་རྩྭ་ཐང་དང་གཟན་རྩྭའི་ཐོན་ཁུངས་ཁག་གཅིག་མ་རྐང་ནང་བཞག་ནས་མཉམ་ལས་ཁང་ནང་ཞུགས་ཏེ་ལོ་རེའི་བགོ་འགྲེམས་ལེན་པ་དང་། རྟ་དཀར་པོ་ཞིག་གསོས་ནས་ཡུལ་སྐོར་བར་བཞོན་དུ་འཇུག་གི་ཡོད།
    བཀྲ་ཤིས་ཕྱུག་ལུང་གྲོང་རྡལ་ཏང་ཨུད་ཧྲུའུ་ཅི་ཀུའོ་ཁྲུང་མེ་ཡིས་2019ལོར་མཉམ་ལས་ཁང་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་16ལྷག་ཙམ་བྱུང་ནས་མཉམ་ལས་ཁང་ནང་ཞུགས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་118ལ་དུད་ཚང་རེར་བགོ་འགྲེམས་སྒོར་1400བརྒྱབ་ཡོད། གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་དུད་ཚང་དབུལ་པོ“མ་རྐང་བདག་པོར”གྱུར་པ་དང་གྲོང་ཚོ་དབུལ་པོ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གྱུར་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་ཡོད་ལ། ཚང་མའི་ཧུར་སེམས་ཀྱང་འཕེལ་བར་བྱས་ཡོད་ཅེས་ངོ་སྤྲོད་བྱས།
    “ཡོང་འབབ་སྣ་ཚོགས་བསྡོམས་ན་ལོ་ལྟར་སྒོར་ཁྲི་15ནས་ཁྲི་16བར་འདུག སྐབས་རེ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་འདུག”ཅེས་ཁོང་གིས་དགའ་ཚོར་ཆེན་པོས་བརྗོད་བྱུང་། བགྲང་བྱ་བདུན་གྱི་རིང་ཁོང་གི་ཁྱིམ་ཚང་གི་ཡོང་འབབ་ལྡབ་50ལྷག་ཙམ་འཕར་ཡོད།
    སུང་ཐན་ཀྲུའུ་ཡི་གཏམ་རྒྱུད་ནི་ས་གནས་དེ་གའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་བསྡུས་རིས་ཙམ་ཞིག་རེད། འདི་ལོའི་ཟླ་བ་གཉིས་པའི་ཟླ་མཇུག་ཏུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་འདི་ཉིད་རྫོང་དབུལ་པོའི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་ཐོབ་པ་རེད།