འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།མཚོ་སྔོན་ཟི་ལིང་དུ་ལུས་རྩལ་ཁང་དང་ཐང་རིམ་པས་སྒོ་ཕྱེ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། “དེ་སྔོན་རྟག་པར་འདི་གར་བྱ་སྒྲོའི་སྤོ་ལོ་རྒྱག་པར་ཡོང་གི་ཡོད། བསྐྱར་དུ་ལས་གཉེར་བྱས་པ་ཐོས་རྗེས་ཕྲུ་གུ་འཁྲིད་དེ་ལུས་རྩལ་རྩེ་བར་ཡོང་བ་ཡིན། རྒན་པ་ཚོས་སྤོ་ལོ་རྒྱག་པ་དང་ཕྲུ་གུ་ཚོ་རྩེད་མོ་རྩེ་ཆོག ལུས་རྩལ་རྩེ་ཆོག་པས་ཧ་ཅང་དགའ་པོ་འདུག”ཅེས་མཱ་ཡུན་ཤང་གིས་བརྗོད།
    མཚོ་སྔོན་ལུས་རྩལ་ལྟེ་གནས་ཀྱི་ཕྱི་རོལ་དུ་བང་བསྒྲིགས་པའི་མཱ་ཡུན་ཤང་ནི་ཟི་ལིང་གྲོང་ཁྱེར་གྱི་སྡེ་ཁུལ་ལས་དོན་པ་ཞིག་ཡིན་ཞིང་། རིམས་ནད་ཐོན་རིང་། ཁོང་གིས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་བྱས་ཡོད། གཟའ་མཇུག་འཁེལ་བ་དང་བསྟུན་ནས་ཁོང་གིས་ནང་མི་དང་མཉམ་དུ་སླར་ཡང་བྱ་སྒྲོའི་སྤོ་ལོའི་ཐང་དུ་ལུས་རྩལ་གྱི་སྤྲོ་སྣང་ལ་རོལ་བར་ཡོང་བ་རེད།
    མཚོ་སྔོན་ལུས་རྩལ་ལྟེ་གནས་སྐྱིད་སྡུག་པུའི་ཅིང་ལི་ལིའུ་ཅཱ་ཡིས་ལུས་རྩལ་ཐང་ཟླ་3ཚེས་17ཉིན་ནས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་བ་དང་། ལུས་རྩལ་ཁང་ཡང་ཟླ་3ཚེས་21ཉིན་ནས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ཡོད། “ཞོགས་པ་སྒོ་ཕྱེ་ནས་ཆུ་ཚོད་2ཙམ་ལས་མ་སོང་བར་གྲོང་མི་20ལྷག་ཙམ་ལུས་རྩལ་ཐང་དུ་ཡོང་ནས་ལུས་རྩལ་རྩེ་ཡི་འདུག་ལ་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་མཁན་ཡང་མང་པོ་འདུག”ཅེས་ངོ་སྤྲོད་བྱས།
    “སྒོ་མ་ཕྱེ་གོང་། ང་ཚོས་བླང་བྱ་ལྟར་དེ་མཚུངས་ཀྱི་དངོས་ཟོག་གྲ་སྒྲིག་བྱས་ནས་ཁང་པ་ཡོངས་སུ་དུག་སེལ་བྱས་པ་དང་ལས་དོན་མི་སྣར་དེ་མཚུངས་ཀྱི་གསོ་སྦྱོང་ཡང་བྱས་ཡོད། སྒོ་ཕྱེ་རྗེས་ཉིན་ལྟར་དུས་ཚོད་གཏན་འཁེལ་གྱིས་ཁང་པའི་ཕྱི་ནང་གང་སར་དུག་སེལ་བྱེད་ཀྱི་ཡོད། ལུས་རྩལ་ཁང་དུ་མི་མེད་སྐབས་དེ་མཚུངས་ཀྱི་དུག་སེལ་དང་རླུང་འགྲོ་ཡག་པོ་ཡོང་བ་བྱས་ཏེ་འདི་གར་ལུས་སྦྱོང་ལ་ཡོང་བའི་གྲོང་མིར་ལུས་བདེ་སེམས་སྐྱིད་ཀྱི་ལུས་རྩལ་བྱ་ཡུལ་ཞིག་མཁོ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ལིའུ་ཅཱ་ཡིས་བཤད།
    གསར་འགོད་པས་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱས་པར། ཟི་ལིང་གྲོང་ཁྱེར་དུ་ཕྱི་རོལ་གྱི་ལུས་རྩལ་ཐང་1609ཡོད་པ་ཚང་མ་སྒོ་ཕྱེ་ཡོད་ཅིང་། དེའི་རྨང་གཞིའི་ཐོག་ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ཁང་109ལ་སྔོན་འགོག་ཚོད་འཛིན་གྱི་གྲ་སྒྲིག་དོན་འཁྱོལ་དང་། སྔོན་འགོག་ཚོད་འཛིན་གྱི་དྲན་སྐུལ་ཡག་པོ་བྱེད་པ། དེའི་ནང་འཛུལ་སྐབས་བླང་བྱ་ནན་པོ་འདོན་པ། མི་མང་ཉུང་ལ་དོ་དམ་ཚོད་འཛིན་བྱེད་པ། འཕྲོད་བསྟེན་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ། ལྟ་སྐུལ་ཞིབ་བཤེར་ལ་གཞོགས་འདེགས་བྱེད་པ་བཅས་ཕྱོགས་7གྱི་ཐད་ནས་ལས་འགོ་བསྐྱར་འཛུགས་ཀྱི་མཛུབ་ཁྲིད་དང་བླང་བྱ་བཏོན་ཡོད་པ་རེད།