འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་26ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་ཞུ་བས། ཏོག་གསར་ནད་དུག་ལ་མ་རུང་ཁོག་བཅུག་གིས་མིང་
བཏགས་པ་ནི་འགན་མི་འཁུར་བ་ཞིག་རེད་ཅེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དེང་དུས་རྣམ་པའི་རིགས་རྒྱུད་རིང་ལུགས་དང་། རིགས་རྒྱུད་མཐོང་ཆུང་། ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་སེམས་ཁམས་དང་འབྲེལ་ཡོད་ཀྱི་བཟོད་བསྲན་བྱེད་མི་རུང་བའི་སྣང་ཚུལ་གྱི་དམིགས་བསལ་སྙན་ཞུ་བ་ཐེང་ཏ་དབྱི·ཨ་ཆིའུ་མེས་ཚེས་23ཉིན་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱིས་མ་རུང་ཁོག་བཅུག་གི་མིང་སྤྱད་དེ་ཏོག་གསར་ནད་དུག་གི་ཚབ་བྱེད་པ་དང་དམིགས་འཛུགས་ཀྱི་ནད་ཡམས་དེ་རིགས་དང་རྒྱལ་ཁབ་ཞིབ་ཕྲ་གང་རུང་ངམ་ཡང་ན་མི་རིགས་གང་རུང་ཞིག་དང་འབྲེལ་བ་བྱེད་པའི་ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་བྱེད་སྤྱོད་ནི་འགན་མ་འཁུར་བ་དང་མི་སེམས་མི་བདེ་བ་བཟོ་བའི་སྣང་ཚུལ་ཞིག་རེད་ཅེས་བརྗོད་པ་རེད།
    ཨ་ཆིའུ་མེས་སྨྱན་སྦྱོར་གྱི་གསལ་བསྒྲགས་ཞིག་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་པོར་བཏོན་དོན། གལ་ཏེ་ནད་ཡམས་ཀྱི་མིང་བེད་སྤྱོད་འཚམ་པོ་མ་བྱས་ཚེ་དམིགས་བཀར་གྱི་མི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་སྐབས་ཕྱི་རྒྱལ་ལ་སྡང་པོ་བྱེད་པའི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་མི་རུང་ལ་རིགས་རྒྱུད་མཐོང་ཆུང་ཚབས་ཆེར་གཏོང་མི་རུང་ཞེས་བརྗོད་པ་རེད།
    ཁོང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱི་གཏམ་བརྗོད་ལས་མཇུག་འབྲས་ངན་པ་བཟོས་པ་དང་ཀྲུང་གོའམ་ཡང་ན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་དམངས་ཚོགས་ཁ་ཤས་ལ་སྐྱོན་འདོགས་བྱེད་པ་དང་ཞབས་འདེགས་མི་ཞུ་བའམ་ཐ་ན་གཏུམ་སྤྱོད་ཀྱི་འགོག་རྒོལ་ཕོག་པ་སོགས་མཐོང་ཆུང་གི་ལྟ་སྟངས་འཛིན་གྱི་ཡོད་ཅེས་བརྗོད་པ་རེད།
    ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་ཛ་དྲག་རྣམ་གྲངས་ཀྱི་འགན་འཁུར་བ་མེ་ཁེར·རུའེ་ཨན་གྱིས་ཏོག་གསར་ནད་དུག་དེ་རྒྱལ་ཁབ་གང་ཞིག་ནས་འབྱུང་བའི་སྐོར་ལ་རྩོད་གླེང་བྱ་རྒྱུ་དེ་དེང་སྐབས་ཀྱི་གནད་དོན་གཙོ་བོ་མིན་པར་མིག་སྔར་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་དགོས་ཞེས་བརྗོད་པ་རེད།
    རུའེ་ཨན་གྱིས་ང་ཚོར་ཏོག་གསར་ནད་དུག་ལས་རྣམ་པར་རྒྱལ་བའི་ནུས་པ་ཡོངས་སུ་ལྡན་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་བརྗོད་པ་ལྟར་མིག་སྔའི་རིམས་ནད་ཀྱིས་ཧ་ལམ་ས་གོ་ལའི་རྒྱལ་ཁབ་དང་མི་འབོར་ཚང་མར་ཤུགས་རྐྱེན་ཐེབས་པས“ང་ཚོས་ངེས་པར་དུ་མཉམ་ཤུགས་བཏོན་ནས་རིམས་འགོག་བྱེད་དགོས”ཞེས་བརྗོད་པ་རེད།