འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་25ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིམས་འགོག་གི་གནས་ཚུལ་འོག་དཔྱིད་དུས་ནགས་བཟོ་སྔོ་འགྱུར་གྱི་
ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིམས་འགོག་གི་གནས་ཚུལ་འོག་དཔྱིད་དུས་ནགས་བཟོ་སྔོ་འགྱུར་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། རིམས་འགོག་གི་གནས་ཚུལ་འོག་འདི་ལོའི་དཔྱིད་དུས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དཔྱིད་དུས་ནགས་བཟོ་སྔོ་འགྱུར་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     《བརྡ་ཐོའི》ནང་། ནགས་བཟོ་སྔོ་འགྱུར་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་དེ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་བྱ་རྒྱུའི་ནང་དོན་གལ་ཆེན་ཞིག་རེད་ལ། མི་འབོར་དབུལ་པོ་ལས་ཞུགས་འབབ་འཕར་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་དམ་འཛིན་བྱེད་པ་དང་ཆབས་ཅིག་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་རིགས་དབྱེ་མཛུབ་ཁྲིད་ཀྱི་བླང་བྱར་གཞིགས་ཏེ། ཡུལ་བབ་དང་བསྟུན་པ་དང་ཁུལ་དབྱེ་ཇུས་བསྟར་བྱས་ནས་དཔྱིད་དུས་ནགས་བཟོ་སྔོ་འགྱུར་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱིས་ནགས་བཟོ་སྔོ་འགྱུར་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། རིམས་ནད་ཀྱི་ཉེན་ཁ་འབྲིང་བའི་ས་ཁུལ་དུ་འཚང་གཡོལ་བྱས་ནས་ལས་འགོ་འཛུགས་པ་དང་། འཚང་གཡོལ་བྱས་ནས་ལས་དོན་བསྒྲུབ་པ། ཁ་འགྲེམས་ལས་སྒྲུབ་བཅས་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་དཔྱིད་དུས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་སྤེལ་དགོས། ལས་དོན་ཇུས་འགོད་ཞིབ་མཆན་བྱེད་ཐབས་གསར་གཏོད་དང་། འོས་སྐུལ་འོས་དཔོད་ཀྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། ཞིབ་མཆན་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱས་ནས་ལག་བསྟར་མགྱོགས་སུ་གཏོང་དགོས། ནགས་བཟོ་སྔོ་འགྱུར་གྱི་སྣོད་བཅུད་དབུལ་སྐྱོར་ལེགས་ཆ་འདོན་སྤེལ་བྱས་ཏེ། ས་གནས་ཀྱི་ཞིང་པ་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། ས་ཆ་དེ་རང་དང་ཐག་ཉེ་སར་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་མང་ཙམ་སྤྲོད་པ་དང་ཞིང་པའི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།
     《བརྡ་ཐོའི》ནང་། ནགས་བཟོ་སྔོ་འགྱུར་གྱི་དུས་ཚིགས་ཀྱི་བཀོད་སྒྲིག་ལ་སྤྱི་འདོམས་དང་འཆར་འགོད་བྱེད་དགོས། ནགས་བཟོ་སྔོ་འགྱུར་གྱི་དུས་ཚིགས་དུས་ཐོག་ཏུ་ལེགས་སྒྲིག་དང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་དཔྱིད་དུས་དང་། ཆར་དུས། སྟོན་དགུན་བཅས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་སྤྱི་འདོམས་དོན་འཁྱོལ་བྱེད་དགོས་པ་དང་། ཤིང་སོན་ཐོན་སྐྱེད་མཁོ་སྤྲོད་ལ་དམ་འཛིན་བྱས་ཏེ་ཆར་དུས་དང་སྟོན་དགུན་གཉིས་སུ་ཤིང་འཛུགས་ནགས་བཟོའི་ཤིང་སོན་གྱི་དགོས་མཁོ་སྐོང་དགོས་པ། ནགས་བཟོའི་ས་ཆ་ཁོད་སྙོམས་པ་དང་ཆུ་གསོག་བཞའ་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ནགས་བཟོའི་ཕན་འབྲས་འགན་ལེན་བྱ་ཆེད་རྨང་གཞི་ཡག་པོ་འདིང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
     《བརྡ་ཐོའི》ནང་། འོས་འགན་ཤིང་འཛུགས་ནགས་བཟོ་དང་སྡེ་ཚན་སྔོ་འགྱུར་གྱི་ལས་དོན་སྟབས་བསྟུན་ངང་སྤེལ་དགོས། འོས་འགན་ཤིང་འཛུགས་ནགས་བཟོའི་རྣམ་པ་དང་བྱེད་ཐབས་གསར་གཏོད་བྱེད་པ་དང“དྲ་སྦྲེལ+འོས་འགན་ཤིང་འཛུགས”ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱི་ཚོགས་སྤྱི་དམངས་ཀྱི་བདེ་འཇགས་ལ་སྣེ་ཁྲིད་དང་ཤིང་འཛུགས་འོས་འགན་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
     《བརྡ་ཐོའི》ནང་། ནགས་བཟོ་སྔོ་འགྱུར་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། ནགས་བཟོ་སྔོ་འགྱུར་གྱི་གྲུབ་འབྲས་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ནགས་བཟོ་གསར་སྤེལ་གྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོན་ཤིང་གསོན་ཚད་དང་སྟུག་ཚད་མང་དུ་གཏོང་དགོས་པ། ཕྱི་རོལ་གྱི་མེ་སོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ནགས་བཟོ་སྔོ་འགྱུར་གྱི་དུས་ཕྱིའི་གཉེར་སྐྱོང་དོ་དམ་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
     《བརྡ་ཐོའི》ནང་། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། བྱེད་པོའི་འགན་འཁྲིར་ཤུགས་སྣོན་རྒྱག་པ། ནགས་བཟོ་སྔོ་འགྱུར་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་བྱེད་པ་དང་ཆབས་ཅིག་དཔྱིད་དུས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཐུབ་རྒྱུར་འགན་ལེན་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་དང་། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་ལ་གཞིགས་ནས་གོ་རིམ་ལྡན་པའི་སྒོ་ནས་རིམས་འགོག་བྱེད་པའི་ཆ་རྐྱེན་གཞིར་བཟུང་དཔྱིད་དུས་ཀྱི་ནགས་བཟོ་སྔོ་འགྱུར་ལས་དོན་སྤེལ་དགོས་ཞེས་ནན་བཤད་བྱས་ཡོད།