འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅།།ཆང་བཱ་ལིའི་མེ་ཏོག་བཞད་པའི་དུས་ལ་བསྒུག  

 ——མཚོ་སྔོན་ཁྲི་ཀའི་དཔྱིད་ཀྱི་མཐོང་ཐོས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཆང་བཱ་ལིའི་མེ་ཏོག་བཞད་པའི་དུས་ལ་བསྒུག
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་འགྲོ་སའི་རྒྱལ་ལམ་227ཐོག ཁ་བའི་འདབ་མ་ཐར་ཐོར་ཏུ་བབས་པས། མཚོ་བོད་མཐོ་སྒང་དུ་དཔྱིད་ཉམས་མཐོང་དཀའ། 
    ཁ་བའི་མེ་ཏོག་ནི་ཟླ་བཞི་བའི་ཆང་བཱ་ལིའི་མེ་ཏོག་གི་འདབ་མ་དང་འདྲ་ལ་མི་སེམས་བདེ་ལ་ཁོད་དུ་འཇུག་ནུས། རི་སྐྱེས་མེ་ཏོག་རབ་ཏུ་བཞད་ཅིང་མཁའ་དབྱིངས་སུ་ཆང་བཱ་ལིའི་མེ་ཏོག་གི་དྲི་ཞིམ་གྱིས་ཁྱབ་དུས་དཔྱིད་ཀ་སླེབས་པ་རེད། 
    “རྨ་ཀླུང་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས། རྨ་ཆུའི་འགྲམ་ལ་དཔྱིད་དཔལ་རྒྱས་པ་སྔ།”“དཔྱིད་དཔལ་ལ་རོལ་མཁན”མང་པོ་དང་འདྲ་སྟེ། ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་རེན་ཝུན་ཀྲང་གིས་ལོ་ལྔ་ཡིན་པའི་བུ་ཆུང་ཁྲིད་ནས་ཁྲི་ཀ་རྫོང་གི་བརྒྱ་བྱིན་ལྷ་ཁང་མཛེས་ལྗོངས་ཁུལ་དུ་དཔྱིད་ཀའི་མཛེས་ལྗོངས་ལ་ལྟད་མོར་ཡོང་བ་རེད། “ཁྲི་ཀ་རུ་དཔྱིད་ཀ་སླེབས་འགོ་སྔ་ཞིང་། གནས་འདི་ནས་ཏན་ཞ་མཛེས་ལྗོངས་མཐོང་ཐུབ་པ་མ་ཟད། ད་དུང་བུ་ཕྲུག་ལ་གནའ་མཁར་གྱི་མཛེས་ཆོས་ཉམས་སུ་མྱོང་བར་འཇུག་ནུས”ཞེས་རེན་ཝུན་ཀྲང་གིས་བཤད། ལོ་ལྟར་དཔྱིད་དུས་སུ་ཁོང་གིས་ཁྱིམ་མི་ཁྲིད་ནས་དཔྱིད་དཔལ་ལ་རོལ་བ་ཡོང་སྲོལ་ཆགས་ཡོད། 
    ཁྲི་ཀའི་ཆུ་འཁོར་ཐང་ཆེན་དུ། ཡུལ་སྐོར་བ་མ་ཡུས་ཀྲེན་གྱིས་རྨ་ཆུའི་འགྲམ་དུ་པར་ལེན་བཞིན་ཡོད་ཅིང་། བུ་ཕྲུག་ཆུ་འགྲམ་དུ་ཆུ་རྩེད་ལ་རོལ་བཞིན་ཡོད། “ནད་ཡམས་ཀྱི་རྐྱེན་གྱིས། དུས་ཡུན་རིང་པོར་ང་ཚོ་ཕྱི་རོལ་དུ་ཡོང་མ་ཐུབ། ད་ལྟ་བུ་ཕྲུག་གི་སློབ་གྲྭ་མ་འཚོག་གོང་འདི་རུ་འཆམ་འཆམ་བྱེད་པར་ཡོང་ནས། མཁའ་དབུགས་གཙང་མ་འདི་རོལ་བ་ཡིན”ཞེས་བཤད་ཞོར་དུ་མ་ཡུས་ཀྲེན་ཁ་ཕྱིར་འཁོར་ནས་ཐག་རིང་དུ་ཡོད་པའི་ཁྱིམ་མི་རྣམས་ལ། “ཟླ་བ་རྗེས་མར་ཆང་བཱ་ལིའི་མེ་ཏོག་བཞད་དུས་སུ་ང་ཚོ་སླར་ཡང་ཡོང་”ཞེས་སྐད་མཐོན་པོས་བཤད། 
    ཆུ་འགྲམ་དུ། ཁྲི་ཀ་རྫོང་ཆུ་སྲིབ་གྲོང་རྡལ་གྱི་གྲོང་མི་ལི་ཀའོ་ཀྲུང་གིས་ཡུལ་སྐོར་བར་གླ་གཏོང་རྒྱུའི་རྐང་འཁོར་དག་ལེགས་སྒྲིག་བྱེད་བཞིན་ཡོད། ཁོང་གིས་གསར་འགོད་པ་ལ་བཤད་དོན། ཉིན་ལྟར་རྨ་ཆུའི་ཟམ་པ་བརྒལ་དུས། ཁོང་གིས་ཆུ་ངོགས་གཉིས་ཀྱི་ཆང་བཱ་ལིའི་སྡོང་པོ་ལ་ལྟ་བཞིན་ཡོད་ལ། ཆང་བཱ་ལིའི་མེ་ཏོག་དུས་ལྟར་བཞད་པར་རེ་སྒུག་བྱེད་བཞིན་ཡོད། “ཆང་བཱ་ལིའི་མེ་ཏོག་བཞད་དུས། ཡུལ་སྐོར་བ་མང་པོ་ཡོང་ཞིང་། ངའི་ཚོང་ཡང་བྲིན་པོ་འགྲོ་ཐུབ་པ་རེད”ཅེས་ཁོང་གིས་བཤད། 
༄༅།།ཆང་བཱ་ལིའི་མེ་ཏོག་བཞད་པའི་དུས་ལ་བསྒུག