འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་24ཉིན།

༄༅༎རྒྱལ་ཡོངས་ཀྱི་འགག་སྒོ་གཞན་དག་ནས་པེ་ཅིང་དུ་ཡོང་མཁན་གྱིས་ངེས་པར་དུ་ཁས་ལེན་ཡི་གེ་འབྲི་དགོས་པ། གཅིག་སྡུད་
ལོགས་སུ་འཇོག་པ་དང་ལྟ་ཞིབ་ཉིན་14བྱེད་རིང་གི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར་པེ་ཅིང་གི་རིམས་འགོག་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་། ལྷག་པར་དུ་སྔོན་གྱི་ཉིན་14ཡི་ནང་མངའ་ཁོངས་ཕྱིར་ཡུལ་སྐོར་བྱེད་སྐབས་འབྲེལ་གཏུག་བྱེད་མྱོང་བ་དང་རྒྱལ་ནང་གི་འགག་སྒོ་ཁག་བརྒྱུད་ནས་པེ་ཅིང་དུ་ཡོང་མཁན་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་རྒྱལ་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཉེན་ཁ་དང་གནོན་ཤུགས་གསར་པ་འཕྲད་ཡོད། གསར་འགོད་པར་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གིས་འགག་སྒོ་གཞན་དག་ནས་པེ་ཅིང་དུ་ཡོང་མཁན་ལ་སྔར་བས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། པེ་ཅིང་དུ་འབྱོར་སྐབས་པེ་ཅིང་དུ་འཛུལ་རྒྱུའི་ཁས་ལེན་ཡི་གེ་འབྲི་དགོས་པ་དང་འབྲེལ་གཅིག་སྡུད་ལོགས་འཇོག་དང་ལྟ་ཞིབ་ཉིན་14བྱེད་དགོས་ཤིང་། གཅིག་སྡུད་བརྟག་དཔྱད་བྱེད་རིང་གི་འགྲོ་གྲོན་ཚང་མ་རང་ཉིད་ཀྱིས་གཏོང་དགོས་ཀྱི་ཡོད་པ་རེད།
     ཟླ་3ཚེས་21ཉིན་པེ་ཅིང་དུ་མངའ་ཁོངས་ཕྱི་ནས་ཡོང་བའི་གཏན་འཁེལ་ནད་དཔེ་13དང་དོགས་ཡོད་ནད་དཔེ་8མང་དུ་ཕྱིན་ཡོད། ཟླ་3ཚེས་21ཉིན་གྱི་ཆུ་ཚོད་24བར་རིམ་རྩིས་སྙན་སེང་ལྟར་ན་མངའ་ཁོངས་ཕྱི་ནས་འགོས་པའི་གཏན་འཁེལ་ནད་དཔེ་97ཟིན་ཡོད། མངའ་ཁོངས་ཕྱིའི་རིམས་ནད་ཁྱབ་མཆེད་མྱུར་པོ་འགྲོ་བ་དང་བསྟུན་ནས་ཕྱི་ནས་འགོ་བའི་ཉེན་ཁ་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད།
     པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁྲེན་པེ་ཡིས་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་པེ་ཅིང་དུ་ཡོང་མཁན་གྱིས། མངའ་ཁོངས་སུ་མ་འཛུལ་གོང་ཚང་མས་རང་གནས་ཡུལ་གྱི་ཚན་པ་དང་སྡོད་གནས་སྡེ་ཁུལ་ལ་རང་འགུལ་ངང་རང་ཉིད་ཀྱི་རྩ་བའི་ཆ་འཕྲིན་དང་། གཟུགས་པོའི་གནས་ཚུལ། འགྲོ་བསྐྱོད་བཀོད་སྒྲིག་བཅས་ཀྱི་ཆ་འཕྲིན་སྙན་སེང་ཞུ་དགོས་པ་དང་། དེའི་ནང་གནམ་ཐང་དང་མེ་འཁོར་བབས་ཚུགས་སུ་འབྱོར་བའི་དུས་ཚོད་སོགས་ཚུད་པའི་ཆ་འཕྲིན་རང་འགུལ་ངང་སྙན་སེང་དྲང་པོ་ཞུ་དགོས་པ་དང་། ཉིན་14ཡི་ནང་ཚུན་དུ་སྨན་བཅོས་བྱེད་མྱོང་ཡོད་ཚེ་ད་དུང་ངེས་པར་དུ་སྔོན་ཚུད་ནས་སྨན་བཅོས་ཀྱི་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་འབྲེལ་པེ་ཅིང་དུ་འབྱོར་རྗེས་སྨན་བཅོས་ཀྱི་ཟིན་ཐོ་མཁོ་འདོན་བྱེད་དགོས། གལ་སྲིད་སྙན་སེང་དྲང་པོ་མ་ཞུས་པར་ནད་ཐོ་དང་ཕྱི་རྒྱལ་དུ་ནད་དཔེ་དང་འབྲེལ་བ་དམ་ཟབ་བྱུང་རིགས་སྦ་གསང་བྱས་ཚེ་ཁྲིམས་བཞིན་འབྲེལ་ཡོད་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     པེ་ཅིང་དུ་འབྱོར་སྐབས། གནམ་ཐང་དང་། མེ་འཁོར་བབས་ཚུགས། པེ་ཅིང་དུ་འཛུལ་སའི་ཞིབ་བཤེར་ས་ཚིགས་བཅས་ཀྱི་ཁྲིད་སྟོན་དྲན་སྐུལ་དང་འཕྲིན་གཏོང་གཉེར་སྐྱོང་མཁན་གྱི་གནས་ཚུལ་གསལ་འདེབས་གཞིར་བཟུང་། རང་འགུལ་ངང་བབས་ཚུགས་ཁག་གི་གཅིག་སྡུད་བྱ་ཡུལ་དུ་སོང་ནས་པེ་ཅིང་དུ་འཛུལ་བའི་ཁས་ལེན་ཡི་གེ་འབྲི་དགོས་པ་དང་ཆབས་ཅིག་འབྲེལ་ཡོད་ཆུས་ཀྱི་སྒྲིག་འཛུགས་བཀོད་སྒྲིག་འོག་གཅིག་སྡུད་ཐོག་གསོ་རིག་བརྟག་དཔྱད་ཉིན་14བྱེད་དགོས། གཅིག་སྡུད་བརྟག་དཔྱད་བྱེད་རིང་གི་འགྲོ་གྲོན་རང་ཉིད་ཀྱིས་གཏོང་དགོས། དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་རང་ཁྱིམ་དུ་ལོགས་སུ་སྡོད་དགོས་ཚེ། དྲང་གཞག་ངང་འདུན་ཞུ་འབུལ་དགོས་ཤིང་། བདེན་མིན་ཞིབ་བཤེར་དང་དཔྱད་དཔོག་ནན་པོ་བྱས་རྗེས་ཁྱིམ་དུ་ལོགས་སུ་སྡོད་ཆོག་གི་ཡོད།
     ཁྲེན་པེ་ཡིས་འགག་སྒོ་གཞན་དག་ནས་པེ་ཅིང་དུ་ཡོང་མཁན་གྱིས་པེ་ཅིང་དུ་འཛུལ་བའི་ཁས་ལེན་ཡི་གེ་འབྲི་སྐབས་བདེ་ཐང་གི་གནས་ཚུལ་དྲང་པོ་བརྗོད་དགོས། དེ་སྔོན་སྨན་བཅོས་སྒྲིག་གཞིས་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་དང་དོགས་ཡོད་ནད་དཔེ་ཡིན་པ་གཏན་འཁེལ་བྱས་མིན་དང་། ཆུ་ཚོད་72ཀྱི་ནང་ཚ་བ་གཅོག་པའི་སྨན་དང་ཆམ་པའི་སྨན་ཟས་ཡོད་མེད། ཡང་ན་ཚ་བ་གཅོག་པའི་བྱ་ཐབས་གཞན་དག་སྤྱད་ཡོད་མེད་བཅས་དྲང་པོ་དྲང་གཞག་སྒོ་ནས་གསལ་བཤད་དང་ཁས་ལེན་བྱེད་དགོས། གལ་སྲིད་དྲང་པོ་མ་བརྗོད་ཚེ་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པའི་ནན་བཤད་བྱས་པ་རེད།