མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཇར་མན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་འཇར་མན་གྱི་ཙུང་ལི་
མོ་ཁེར་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་ལ་གློག་འཕྲིན་བཏང་གནང་ནས་ཉེ་དུས་འཇར་མན་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་འཇར་མན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་མི་རིང་བའི་གོང་འཇར་མན་སྲིད་གཞུང་དང་ལས་རིགས་ཁག་གིས་བྱ་ཐབས་མང་པོ་བརྒྱུད་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཚམས་འདྲི་དང་རྒྱབ་སྐྱོར་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ནས་རིམས་ནད་འགོག་རྒོལ་བྱེད་པའི་འབད་འཐབ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་འཇར་མན་ཕྱོགས་ལ་དགོས་མཁོ་ཡོད་ཚེ་ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་འདོད་ཡོད། སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ནུས་པ་ཆེ་ཤོས་ཀྱི་བྱ་ཐབས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་གྱི་ཡོད་པས་འཇར་མན་ཕྱོགས་དང་ཆ་འཕྲིན་དང་ཉམས་མྱོང་མུ་མཐུད་མཉམ་སྤྱོད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱི་བདེ་ཐང་དང་བདེ་རྩ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད་པས་འཇར་མན་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ཏེ་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"