མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སེར་པི་ཡར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་སེར་པི་ཡའི་ཙུང་ཐུང་
ཝུའུ་ཆི་ཆིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིར་གློག་འཕྲིན་བཏང་གནང་ནས་ཉེ་དུས་སེར་པི་ཡར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་སེར་པི་ཡ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ཀྲུང་གོ་དང་སེར་པི་ཡ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་གྲོགས་པོའི་ལ་རྒྱ་ཟབ་མོར་ལོ་རྒྱུས་ཡུན་རིང་ཡོད། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་སྐབས་སེར་པི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་འཐབ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་སེར་པི་ཡར་འགོག་སྲུང་དངོས་པོ་དང་སྨན་བཅོས་འཕྲུལ་ཆས་ཀྱི་རོགས་རམ་བྱ་རྒྱུ་དང་འབྲེལ་སེར་པི་ཡ་ཕྱོགས་ལ་ཀྲུང་གོ་ནས་དགོས་མཁོ་ཆེ་བའི་དངོས་ཟོག་ཉོ་རྒྱུར་རོགས་རམ་བྱེད་ཀྱི་ཡིན། ཀྲུང་གོས་ད་དུང་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ཚོགས་ཆུང་སེར་པི་ཡར་མངགས་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་གོང་མཐོར་གཏོང་རྒྱུར་རོགས་རམ་དང་ཆབས་ཅིག་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་སྐྱིད་སྲུང་སྐྱོང་བྱ་རྒྱུ་ཡིན། ངས་ཀྲུང་གོ་དང་སེར་པི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རིམས་ནད་ལ་ཕྱར་བ་གྲུ་འདེགས་ངང་འགོག་རྒོལ་བྱེད་རིང་རྒྱལ་ཁབ་གཉིས་པོའི་དབར་དཀའ་སྡུག་འཕྲད་སྐབས་ཟོལ་མེད་བརྩེ་བ་མངོན་པའི་སྲོལ་རྒྱུན་གྱི་མཛའ་མཐུན་སྔར་བས་མི་སེམས་སུ་ཟུག་པར་བྱས་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་དང་ལེགས་སུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"