འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་23ཉིན།

༄༅༎སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་དགེ་རྒན་གྱི་དྲ་ཐོག་སློབ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 11:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སློབ་གསོ་པུའུ་དང་ནོར་སྲིད་པུས་བརྡ་ཐོ་བཏང་ནས་2020ལོའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི(གཤམ་དུ“རྒྱལ་ཁབ་གསོ་སྦྱོང་འཆར་གཞི”ཞེས་བསྡུ་རྒྱུ)སྒྲིག་འཛུགས་དང་ལག་བསྟར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བཀོད་སྒྲིག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ས་གནས་ཁག་གི་སློབ་གྲྭའི་དགེ་རྒན་གྱིས་དྲ་ཕྱིར་གཅིག་སྡུད་གསོ་སྦྱོང་བྱེད་མི་ཆོག་པ་དང་། ཡུལ་བབ་དང་བསྟུན་ནས་དྲ་ཐོག་ཏུ་སློབ་ཁྲིད་གསོ་སྦྱོང་བྱས་ཏེ། དགེ་རྒན་གྱི་དྲ་ཐོག་སློབ་ཁྲིད་ཀྱི་འཇོན་ཐང་ཆེར་གཏོང་གི་བྱ་སྤྱོད་ལག་བསྟར་བྱེད་དགོས་ལུགས་ཁ་གསལ་སྟོན་ཡོད།
     བརྡ་ཐོའི་ནང་བསྟན་དོན། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱི་དགེ་རྒན་གསོ་སྦྱོང་དང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རིམ་ཁག་དགེ་རྒན་གྱི་གསོ་སྦྱོང་ཐོན་ཁུངས་རིམས་ནད་ཚབས་ཆེ་བའི་ཞིང་ཆེན་ལ་གཟིགས་སྐྱོང་བྱས་ཏེ“རྒྱལ་ཁབ་གསོ་སྦྱོང་འཆར་གཞིའི”རྒྱང་ཁྲིད་གསོ་སྦྱོང་སྒྲིག་གཞི་སྒྲིག་འཛུགས་ཀྱིས་དགེ་རྒན་གྱི་གསོ་སྦྱོང་དྲ་རྒྱའི་ཐོན་ཁུངས་སྒོ་དབྱེ་བྱེད་དགོས། “རྒྱལ་ཁབ་གསོ་སྦྱོང་འཆར་གཞི”འགན་འཁུར་སྒྲིག་གཞིའི་སློབ་གླིང་དང་། དགེ་རྒན་གྲགས་ཅན། སློབ་སྤྱི་གྲགས་ཅན་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱི་སློབ་གྲྭར་རང་འགུལ་ངང་སྤུས་ལེགས་ཀྱི་དྲ་ཐོག་སློབ་ཚན་མཁོ་འདོན་བྱེད་དགོས། འབྲེལ་ཡོད་མཐོ་སློབ་དང་དགེ་རྒན་འཕེལ་རྒྱས་སྒྲིག་གཞི་སོགས་ཀྱི་ཐོན་ཁུངས་སྒོ་དབྱེ་བྱས་ནས་ས་གནས་དེ་གའི་དགེ་རྒན་ལ་རིམས་ནད་ལ་ཁ་གཏད་གཅོག་པའི་མཁོ་ཆེའི་ཆ་འཕྲིན་མཁོ་འདོན་དང་། སེམས་ཁམས་སློབ་གསོ། འཕྲོད་བསྟེན་རིམས་འགོག་སོགས་ཀྱི་རོགས་སྐྱོར་ཞབས་ཞུ་བྱེད་དགོས།