མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུལ་གཏུམ་དྲག་ཆེ་བས་ཀྲུང་གོས་ངེས་པར་དུ་དཀའ་ངལ་ལ་མི་འཛེམ་པར་དཔའ་ངར་ཆེན་པོས་ཁ་གཏད་འཇལ་དགོས། གང་ལགས་ཤེ་ན། དེ་ནི་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་ཡང་འབྲེལ་བ་ཡོད་པས་སོ༎ དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་ཀྲུང་གོའི་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ཀྱིས་ལེགས་སུ་འགྲོ་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱེད་ཀྱི་ཡོད། ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུའི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་གཞིགས་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ། མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་ཐུན་མོང་གི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས། 
     ཞི་ཅིན་ཕིང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམིགས་བསལ་དུས་སྐབས་སུ། ཀྲུང་གོ་དང་ཨུ་རུ་སུས་ཕན་ཚུན་རྒྱབ་སྐྱོར་དང་ལྟ་རེས་སྐྱོང་རེས་བྱས་ནས་མཉམ་ལས་དམ་ཟབ་བྱས་པ་དེས་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོན་པོ་དེ་མཚོན་ཡོད། ཀྲུང་ཨུའི་མཉམ་ལས་ཀྱི་རྨང་གཞི་བརྟན་ཞིང་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེ། ཕྱོགས་གཉིས་པོས་ཀྲུང་ཨུའི་ཚན་རྩལ་གསར་གཏོད་ལོ་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཨུ་རུ་སུས་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད་སྤྱད་པའི་བྱེད་ཐབས་གལ་ཆེན་སྤྱད་པ་ལ་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཙུང་ཐུང་ཕུའུ་ཅིང་གི་འགོ་ཁྲིད་འོག ཨུ་རུ་སུའི་མི་དམངས་ཀྱིས་མུ་མཐུད་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་བརྒྱུད་མཐུན་སྒྲིལ་འབད་འཐབ་བྱས་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཕུའུ་ཅིང་གིས་ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱེད་ཐབས་སྤྱད་པ་དེས་རྒྱལ་ནང་གི་རིམས་ནད་ཚོད་འཛིན་བྱས་པ་མ་ཟད། འཛམ་གླིང་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོའི་འབད་བརྩོན་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་འབྲེལ་དེའི་ཐད་དགའ་ཚོར་ཆེན་པོ་བྱུང་ཡོད། ཀྲུང་གོས་རིམས་ནད་ཕོག་པའི་རྒྱལ་ཁབ་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་བཟང་པོ་ཞིག་བཏོད་ཡོད། ཀྲུང་གོའི་བྱ་སྤྱོད་ནི་རྒྱལ་ཁབ་ཁ་ཤས་ཀྱིས་ཀྲུང་གོར་འཁྲུག་རྐྱེན་སློང་བ་དང་ཀྲུང་གོའི་མིང་ངན་སྒྱུར་བྱེད་པར་དམིགས་པའི་ཡ་ལན་གསལ་པོ་དེ་རེད།
     ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་རིམས་ནད་འགོག་རྒོལ་ཐད་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"