མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

  ༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
  ■ རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ལ་ཡང་དག་པའི་སྒོ་ནས་སྟངས་འཛིན་བྱས་ནས་དུས་བསྟུན་སྐབས་བསྟུན་ངང་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་པའི་བྱ་ཐབས་ལེགས་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
  ■ ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྐྱོབ་བཅོས་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། རྗེས་མཐུད་ལས་དོན་གྱི་ལས་འགན་བཅས་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་མ་ཟད། ས་ཁུལ་གཞན་གྱི་མི་སྣ་འགྲོ་འོང་དང་འདུ་འཛོམས་བྱེད་མང་དུ་སོང་བ་ལས་རིམས་ནད་བསྐྱར་ཐོན་གྱི་ཉེན་ཁ་སྔར་བཞིན་གནས་པ་དང་ལྷག་པར་དུ་རྒྱལ་སྤྱིར་རིམས་ནད་གང་མྱུར་མཆེད་པ་དེས་ཕྱི་ནས་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ་ལས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་བྱུང་བའི་རྣམ་པ་སྡུག་ཏུ་གཏན་ནས་མི་འགྲོ་བ་བྱེད་དགོས།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
  ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཡོངས་ཀྱི་གོང་འོག་ཀུན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་སོང་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མྱུར་སླར་གསོ་ཐུབ་པའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་བསྐྱེད་བྱུང་བ་དང་འབྲེལ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། དེ་དང་ཕྱོགས་མཚུངས་ང་ཚོར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་པ་དང་ལྷག་པར་དུ་མངའ་ཁོངས་ཕྱིའི་རིམས་ནད་ཁྱབ་མཆེད་དང་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་བཞིན་ཡོད་པ་དེས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་སློང་གསར་པ་འཕྲད་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ལ་ཡང་དག་པའི་སྒོ་ནས་སྟངས་འཛིན་བྱས་ནས་དུས་བསྟུན་སྐབས་བསྟུན་ངང་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་པའི་བྱ་ཐབས་ལེགས་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
  ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་དུས་མཚུངས་རིག་པ་དྭངས་གསལ་གྱི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་མཐོང་ཐུབ་པ་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྐྱོབ་བཅོས་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། རྗེས་མཐུད་ལས་དོན་གྱི་ལས་འགན་བཅས་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་མ་ཟད། ས་ཁུལ་གཞན་གྱི་མི་སྣ་འགྲོ་འོང་དང་འདུ་འཛོམས་བྱེད་མང་དུ་སོང་བ་ལས་རིམས་ནད་བསྐྱར་ཐོན་གྱི་ཉེན་ཁ་སྔར་བཞིན་གནས་པ་དང་ལྷག་པར་དུ་རྒྱལ་སྤྱིར་རིམས་ནད་གང་མྱུར་མཆེད་པ་དེས་ཕྱི་ནས་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ་ལས་ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་བྱུང་བའི་རྣམ་པ་སྡུག་ཏུ་གཏན་ནས་མི་འགྲོ་བ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ཏེ་གོ་ལ་ཧྲིལ་པོའི་རིམས་ནད་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མངའ་ཁོངས་ཕྱི་ནས་འགོ་བའི་ཉེན་ཁར་ཁ་གཏད་གཅོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་སྲིད་ཇུས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་མུ་མཐུད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་དགོས། མངའ་ཁོངས་ཕྱིར་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་ཡག་པོ་སྒྲུབ་སྟེ་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་དགོས།
  ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་ཡག་པོ་སྒྲུབ་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་པ་དང་ངར་ཤུགས་གཅིག་སྒྲིམ་ངང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། སྨན་བཅོས་སྐྱོབ་བཅོས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ནད་གཞི་ལྕི་བའི་ནད་པ་རྣམས་ཆུ་ཚད་མཐོ་བའི་གནས་གཏན་འཁེལ་གྱི་སྨན་ཁང་དུ་གཅིག་སྡུད་བྱས་ཏེ་སྨན་བཅོས་དྲག་སྐྱེད་ཐུབ་ཚད་མཐོ་རུ་དང་གྲོངས་ཚད་དམའ་རུ་ཧུར་ཐག་གཏོང་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རིམས་ནད་མེད་པའི་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོ་སྤེལ་ཡུལ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་བསྐྱེད་གཏོང་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རིམ་པས་སྐུལ་འདེད་གཏོང་བ་དང་ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་གིས་བརྟན་ལ་གོ་རིམ་ལྡན་པའི་ངང་དོ་དམ་ཚོད་འཛིན་བྱ་ཐབས་མེད་པ་བཟོ་དགོས། ཧུའུ་པེ་ཞིང་ཆེན་གྱིས་འབྲེལ་ཡོད་ཀྱི་ཞིང་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས“གཅིག་གཏད་གཅིག་དང་། གཅིག་འཐུས་རྣམ་པའི”ཐོག་ནས་ལས་གནས་ཐོག་ལོག་མཁན་དང་ཧུའུ་པེ་རུ་ལུས་པའི་ས་ཆ་གཞན་དག་གི་མི་སྣ་རང་ཡུལ་དུ་ལོག་པ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་སྣ་སླེབས་སའི་ས་ཁུལ་གྱིས་གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། མི་ཆོས་ཐུགས་ཁུར་ལ་ཤུགས་སྣོན་རྒྱག་པ་དང་། སེམས་ཁམས་ཀྱི་སློབ་གསོ་རྒྱག་པ། རིམས་ནད་ཀྱི་རྗེས་མཇུག་སྐྱེལ་བའི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་སེལ་དགོས། པེ་ཅིང་སོགས་གཙོ་གནད་ས་ཁུལ་གཞན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལེགས་སུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་པ། དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས།
  ཚོགས་འདུའི་ཐོག་བླང་བྱ་བཏོན་གནང་དོན། ཕྱི་ནས་མ་འགོས་པ་བྱེད་པའི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པ་དང་། གྲངས་གཞི་མཉམ་སྤྱོད་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བ་དང་ས་ཁོངས་ནང་འཛུལ་མཁན་ལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། མཁའ་འགྲུལ་སྐྱེལ་འདྲེན་དང་། འགག་སྒོའི་ནད་ཡམས་ཞིབ་བཤེར། དམིགས་སར་སྐྱེལ་བ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་བཅས་བར་ལྷུ་ཚིགས་དམ་པོ་ཆགས་པ་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་དབར་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་ཐོག་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས།
  ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ནས་མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་ཆག་པའི་གནོན་ཤུགས་མུ་མཐུད་ཆེ་རུ་འགྲོ་བཞིན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕན་ཚུན་འཚམ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཀྱི་སྒྲིག་ལམ་གང་མྱུར་བཟོས་ཏེ་ཁེ་ལས་དང་བྱ་གཞག་ཚན་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་རིམས་ནད་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཞིང་ཆེན་ས་ཁོངས་ཚན་པར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གྱི་ཁོངས་གཏོགས་རྫོང་དང་ཆུས་ཚང་མ་ཉེན་ཁ་ཆུང་བའི་ཁུལ་ཡིན་པས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བ་བྱེད་དགོས། ཧུའུ་པེ་དང་པེ་ཅིང་ཕུད་དེ་མིན་གྱི་ཞིང་ཆེན་ནང་ཁོངས་སུ་སྔར་བཞིན་ཉེན་ཁ་འབྲིང་ཙམ་གྱི་རྫོང་དང་ཆུས་ཡོད་པའི་ཞིང་ཆེན་གྱིས་གནད་སྨིན་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་ཡོང་བ་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་དབར་གྱི་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་བྱེད་སྐབས་རྒྱལ་ཡོངས་ཀུན་གྱི་ཁས་ལེན་ཐོབ་པའི་དགོས་ངེས་ཀྱི་བདེ་ཐང་དཔང་ཡིག་བྲིས་ནས་འགོག་རྐྱེན་མི་བཟོ་བ་དང་མི་སྣར་ལོགས་འཇོག་གི་བྱ་ཐབས་སྤྱོད་མི་ཆོག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་ཕྱོད་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ལས་མི་སྤྱོད་པ་དང་། མ་དངུལ། མ་བཅོས་རྒྱུ་ཆ་མཁོ་སྤྲོད་སོགས་ཀྱི་དགོས་མཁོ་ཐག་གཅོད་བྱ་རྒྱུར་དམིགས་ཏེ། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གནད་སྨིན་ཇུས་བསྟར་བྱེད་པ་དང་། “འགག་གནད”ཤར་གཏོང་དང་། “ཆད་ཁོངས”ཁ་གསབ་བྱེད་དགོས། བཅའ་ཁྲིམས་ཀྱི་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གན་རྒྱ་ལག་བསྟར་དང་། ཁེ་ལས་ཀྱི་བུན་དོན། ངལ་རྩོལ་གླ་ཕོགས་ཀྱི་འབྲེལ་བ་སོགས་ཀྱི་རྩོད་གཞི་དུས་ཐོག་ཏུ་སེལ་དགོས།
  ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ལ་བརྡར་གཅོད་དབྱེ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་ཀྱི་བྱ་ཐབས་དུས་ཐོག་ཏུ་བཟོ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཕན་ཚུན་ལྟ་རྟོགས་བྱས་ནས་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་འོག་ཚོང་དོན་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་དང་། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ཐུབ་པ་བྱེད་པ། ཚོང་འགུགས་མ་འདྲེན་དང་འགྲེམས་ཚོགས་ཀྱི་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་རིགས་ཁག་གི་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་རྒྱུན་གཏན་བཞིན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
  ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

  
style="display:none;"