འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་20ཉིན།

༄༅༎འཛད་མེད་གཞོན་ནུའི་སྟོབས་ཤུགས་ངོམས། ལང་ཚོའི་མཚར་སྡུག་རྣམ་པར་བཀྲ

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་20ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ནི་ཧ་ཅང་འཇོན་པོ་དང་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ཐུབ་མཁན་ཞིག་རེད”
     ཟླ་3ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རོགས་སྐྱོར་བྱེད་མཁན་པེ་ཅིང་སློབ་ཆེན་གྱི་སྨན་བཅོས་རུ་ཁག་གི“དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་ཚང་མར་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་གཞོན་ནུ་རྣམས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་ཀྱི་ཛ་དྲག་འཐབ་རྩོད་ནང་རྒྱ་ཆེའི་གཞོན་ནུ་ཚོས་ལང་ཚོའི་སྟོབས་ཤུགས་ངོམ་བཞིན་ཚད་ལོན་གྱི་རྒྱུགས་ལན་ཞིག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། བརྩེ་སེམས་ཟབ་མོས་ཁོང་ཚོར་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སུ་ལང་ཚོའི་མེ་ཏོག་རབ་ཏུ་བཞད་པར་བྱེད་རྒྱུའི་སྐུལ་ལྕག་ཀྱང་གནང་བ་དང་། རྒྱ་ཆེའི་གཞོན་ནུ་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་། འགན་འཁྲི་ལྕི་པོ་ཁུར་ཕོད་པ་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ལང་ཚོ་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
     ད་ཐེངས་ཀྱི་རིམས་ནད་དྲག་པོ་བྱུང་བའི་མདུན་དུ། རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་འབོད་སྐུལ་ལ་དང་ལེན་ཞུས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་དང་མདུན་དུ་གདོང་མཆོང་ཕོད་པ་བྱས་ཏེ་ཛ་དྲག་པའི་རིམས་འགོག་གི་འཐབ་ས་དང་པོར་ལང་ཚོའི་སྐྱེ་སྟོབས་ངོམས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལང་ཚོའི་ལེའུ་བརྩམས་ཡོད། རིམས་འགོག་གི་འཐབ་ས་དང་པོར། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་ཁྲི་4.2ལྷག་ཙམ་ཡོད་པའི་ནང“དགུ་བཅུའི་ནང་སྐྱེས”ཀྱི་གཞོན་ནུ་ཁྲི་1.2ལྷག་ཙམ་ཡོད་པ་དང་། དེའི་ནང་མང་ཆེ་བ་ཞིག་ནི“གོ་ལྔའི་ནང་སྐྱེས”དང་ཐ་ན“་ཉིས་སྟོང་ནང་སྐྱེས”ཀྱི་གཞོན་ནུ་ཤ་སྟག་རེད། སྨན་དོན་མི་སྣ་དང་། ཏང་ཡོན་ལས་བྱེད་པ། སྤྱི་བདེ་མི་དམངས་ཉེན་རྟོག་པ། སྡེ་ཁུལ་ལས་དོན་པ། གསར་འགྱུར་ལས་དོན་པ། དང་བླངས་པ་བཅས་དང་དེ་བཞིན་ཕྱོགས་གང་ས་ཅི་ཐད་ཀྱི་རིམས་འགོག་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྲས་སུ“དགུ་བཅུའི་ནང་སྐྱེས”ཀྱི་གཞོན་ནུ་ཡོད་པ་དང་། ཁོང་ཚོ་འཐབ་ས་དེའི་ཐོག་འཁྲབ་གྱོན་མཚོན་ཐོགས་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མཁན་གྱི་སྟོབས་གསར་དམག་དཔུང་ལ་གྱུར་ཡོད། འགག་རྩའི་དུས་དང་ཉེན་ཁའི་དུས་སུ། “དགུ་བཅུའི་ནང་སྐྱེས”ཀྱི་གཞོན་ནུས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལ་མི་སྐྲག་པ་དང་འཆི་གསོན་ཐོབ་ཤོར་ལ་མ་བལྟོས་པར་རང་འཁྲིའི་ལས་གནས་བརྟན་སྲུང་དང་འགན་འཁྲི་གཙང་སྒྲུབ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁོང་ཚོ་ནི་ངོ་གནོང་མི་དགོས་པའི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རེད་ལ། ངོ་གནོང་མི་དགོས་པའི་ཧུར་བརྩོན་ཆེ་ཤོས་དང་སྐྱེ་སྟོབས་ལྡན་ཤོས་ཀྱི་སྟོབས་ཤུགས་ཤིག་ཀྱང་རེད།
     གཞོན་ནུ་མི་རབས་གཅིག་ལ་མི་རབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་མི་འདྲ་བ་འཕྲད་སྲིད་པ་དང་། དཀའ་ཚེགས་དང་སྦྱོང་བརྡར་ནི་འཚར་ལོངས་ཀྱི་སྐུལ་འདེད་ཡག་ཤོས་དེ་ཡིན། “དགུ་བཅུའི་ནང་སྐྱེས”ཀྱི་གཞོན་ནུའི་ངོས་ནས་བརྗོད་ན། ད་ཐེངས་ཀྱི་རིམས་འགོག་གི་ཛ་དྲག་འཐབ་རྩོད་ནང་ཞུགས་རྒྱུ་ནི་ཧ་ཅང་རྩ་ཆེའི་མི་ཚེའི་བརྒྱུད་རིམ་ཞིག་ཡིན་པ་དང་། ཁོང་ཚོས་དཀའ་ལས་ཚད་མེད་དང་བློས་གཏོང་མང་པོ་བྱས་ཡོད་ལ། གྲུབ་འབྲས་དང་ཉམས་མྱོང་ཡང་ཐོབ་ཡོད་ངེས་ཡིན། ཁོང་ཚོས་འཆི་གསོན་གྱི་ཚོད་བགམ་བརྒྱུད་པ་དང་། ལུས་སེམས་ལ་སྦྱོང་བརྡར་ཐེབས་པར་བྱས་ནས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་། ཀུན་སེམས་གཅིག་སྒྲིལ་གྱིས་ཕྱར་བ་གྲུ་འདེགས་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་བཅས་ཀྱི་དཔང་པོ་དེ་བས་བྱས་ཡོད། སློབ་གྲྭ་ཆེ་མོ་བའི་དང་བླངས་པ་ཞིག་ལ་བྱུང་བའི་མྱོང་ཚོར་ཏེ“རིམས་འགོག་ནི་ང་ཚོའི་འཚར་ལོངས་ཀྱི་ལག་རྟགས་ཡག་ཤོས་ཡིན”ཞེས་པ་དང་། མི་འགའ་ཞིག་གིས་ཁོང་ཚོར“ཁ་ས། ཕ་མའི་མིག་ནང་གི་ཕྲུ་གུ་དེ་ད་ཆ་དུས་རབས་གསར་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྐང་འཛིན་པར་གྱུར་བ་དང་། ང་ཚོའི་རྒྱལ་ཁབ་ཀྱི་སྤོབས་པ་དང་རེ་བར་གྱུར་ཡོད”ཅེས་བསྔགས་བརྗོད་བྱས་པ་ལྟར་ཡིན།
     “གཞོན་རབས་ཚོར་ཕུགས་བསམ་དང་། འཇོན་ཐང་། ལས་འགན་སྒྲུབ་སེམས་བཅས་ལྡན་ཚེ། རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ལྡན་ཡོད”ད་ཆ་ལང་ཚོར་བརྟེན་ནས་འབད་འཐབ་བྱེད་དགོས་པ་དང་། འབྱུང་འགྱུར་ལང་ཚོ་ནི་ཕྱིར་དྲན་ཞིག་ཏུ་འགྱུར་རྒྱུ་རེད། སྤྲོ་སེམས་དང་ངར་ཤུགས་ལྡན་པའི་འབད་འཐབ་ཀྱི་ལང་ཚོ་དང་། མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བའི་ལང་ཚོ། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་སུ་རབ་ཏུ་བཞད་པའི་ལང་ཚོ་བཅས་བརྒྱུད་མྱོང་ཡོད་ཚེ། གཞི་ནས་ཕུན་སུམ་ཚོགས་པ་དང་། དྲོ་སྐྱིད་ལྡན་པ། ཡུན་དུ་གནས་པ། གནོང་འགྱོད་མེད་པ་བཅས་ཀྱི་ལང་ཚོའི་དྲན་ཤེས་འཇོག་ཐུབ། རིམས་འགོག་འཐབ་ས་དང་པོའི“དགུ་བཅུའི་ནང་སྐྱེས”ཀྱིས་མཚོན་བྱེད་དུ་བྱས་པའི་མི་རབས་འདིའི་ཀྲུང་གོའི་གཞོན་ནུ་རྣམས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་མཁན་དུས་རབས་ཀྱི་མི་གསར་ལ་འགྱུར་ངེས་ཡིན་པ་ལོ་རྒྱུས་ཀྱིས་ཀྱང་དཔང་པོ་བྱེད་ངེས་ཡིན།