མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 12:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་3ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་ལས་ཞུགས་བརྟན་པོ་ཡོང་བ་བྱེད་དགོས་པའི་བཀོད་སྒྲིག་གནང་བ་དང་། མ་འཇོག་རྣམ་གྲངས་འགངས་ཆེན་གྱི་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་མགྱོགས་སུ་བཏང་ནས་ཞན་ཆ་ནུས་ལྡན་སེལ་བ་དང་དམངས་འཚོར་ཕན་འདོགས་དགོས་པའི་བླང་བྱ་བཏོན་གནང་བ། 《ཞིང་ནང་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་གནང་བ་བཅས་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབས་ནས་ངེས་པར་དུ་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་འཇོག་དགོས་ཤིང་། གཅིག་ནས་རིམས་ནད་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་གཞིགས་ནས་དགོས་ངེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་འགོག་རྐྱེན་བཟོ་བའི་ལུགས་དང་མི་མཐུན་པའི་གཏན་འབེབས་མེད་པ་བཟོས་ཏེ་ལས་མི་དེ་བས་མང་བ་གང་མགྱོགས་ལས་གནས་ཐོག་ལོག་ནས་ལས་ཀ་བྱ་རྒྱུ་ཡོད་པ་དང་ཡོང་འབབ་གསོག་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཤིང་། དུས་ཀྱི་དགོས་མཁོ་དང་མི་མཐུན་པའི་གནས་སྐབས་དོ་དམ་ཚོད་འཛིན་བྱེད་ཐབས་དང་ལུགས་དང་མི་མཐུན་པའི་དཔང་རྟགས་དང་གྲོན་བསྡུ་སོགས་ཀྱི་གཏན་འབེབས་གཙང་བཤེར་དང་མེད་པ་བཟོ་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་སྐབས་འགྲོ་ལུགས་སྟབས་བདེ་རུ་གཏོང་བ་དང་སྲིད་གཞུང་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་དོན་ཚན་དྲ་ཐོག་ཏུ་སྒྲུབ་གང་ཐུབ་བྱས་ཏེ་ཁེ་ལས་དང་ལྷག་པར་དུ་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་གང་མགྱོགས་ཕན་པ་ཡོངས་ཁྱབ་ཐོབ་པ་བྱེད་དགོས་པ། གསུམ་ནས“གཉིས་གཏོད”ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཁྲོམ་ར་ཅན་གྱི་བྱེད་ཐབས་དེ་བས་མང་བ་སྤྱད་དེ་སློབ་གྲྭ་ཆེ་མོ་བ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།
     ཚོགས་འདུའི་ཐོག་ནན་བཤད་གནང་དོན། མ་འཇོག་རྣམ་གྲངས་འགངས་ཆེན་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་ལ་སྐུལ་འདེད་གཏོང་བ་མ་འཇོག་བརྟན་པོ་དང་ནང་མཁོ་རྒྱ་ཆེར་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་རིགས་ཁག་གི་དབང་བའི་ལམ་ལུགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་མི་སྣ་སྤྱོད་པ་དང་། མ་བཅོས་རྒྱུ་ཆ་མཁོ་སྤྲོད། མ་དངུལ། རིམས་འགོག་དངོས་ཟོག་འགན་ལེན་སོགས་ཀྱི་གནད་དོན་ལ་དུས་ཚོད་དམ་འཛིན་གྱིས་ཐག་གཅོད་བྱེད་རོགས་བྱས་ཏེ། ས་ཆ་ཁག་གི་སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས་ཁྲི་1.1དེ་དག་གི་ཨར་སྐྲུན་མྱུར་ཚད་མགྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་རེད། ཚོགས་འདུའི་ཐོག《ཞིང་ནང་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་སྲོལ་ཡིག(འཆར་ཟིན)》ལ་གྲོས་འཆམ་བྱས་པ་དང་རིམ་ཁག་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བའི་འགོག་བཅོས་འགན་འཁྲི་གསལ་པོ་བཟོས་པ། ལྟ་ཞིབ་ཚད་འཇལ་གྱི་སྔོན་བརྡ་དང་། སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་སོགས་འཁོར་སྦྲེལ་ཧྲིལ་པོའི་འགོག་བཅོས་ལམ་ལུགས་བཀོད་སྒྲིག་ཞིབ་ཚགས་སུ་བཏང་བ་བཅས་ལས། ཞིང་ལས་འཕེལ་རྒྱས་དང་ལྷག་པར་དུ་འདི་ལོའི་ནད་འབུའི་གནོད་འཚེ་འགངས་ཆེན་འགོག་བཅོས་དང་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བར་བཅའ་ཁྲིམས་ཀྱི་འགན་ལེན་བྱུང་ཡོད།

  
style="display:none;"