འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་19ཉིན།

༄༅༎གཡུལ་ས་མདུན་མར་ཏང་ནང་ཞུགས། དམག་འཐབ་ཁྲོད་ནས་ལྷག་བསམ་མངོན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དམག་འཁྲུག་གི་ལོ་རབས་སུ། ཏང་རྩ་འཛུགས་ཀྱིས་གཡུལ་ས་མདུན་མར་ཏང་ཡོན་འཕེལ་རྒྱས་གཏོང་བ་དེ་ནི་རྒྱུན་གཏན་གྱི་བྱ་བ་ཞིག་རེད། དམག་འཁྲུག་གི་མེ་ལྕེའི་ཁྲོད་ཀྱི་འཆི་གསོན་ཚོད་བགམ་ལས། མི་ཞིག་གི་ལྷག་བསམ་དཔའ་ངར་དང་ཤི་རྒྱུར་མི་སྐྲག་མཁན་ཞིག་ཡིན་མིན་མཐོང་ཐུབ། ཞི་བདེའི་དུས་སྐབས་སུ། འགོ་ནད་ཀྱི་རིམས་ནད་ཚབས་ཆེན་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོ་ནི་དེ་དང་འདྲ་བར་འཆི་གསོན་ལ་ཚོད་བགམ་བྱེད་པ་ཞིག་དང་། ཏང་ནང་ཞུགས་པའི་བསམ་བློ་དང་། སྙིང་སྟོབས་དང་སྤྱོད་བཟང་། འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་བཅས་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུ་ཞིག་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འཐབ་ས་དང་པོར་བསྐྱོད་ནས་འབད་འབུངས་སྟོབས་བརྩོན་བྱས་ཏེ། མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་བྱེད་དགོས་ཞེས་འབོད་སྐུལ་གནང་བ་མ་ཟད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྱང་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལས་བྱེད་པར་རྟོག་ཞིབ་བྱས་ཏེ། བྱས་རྗེས་མངོན་གསལ་དོད་པའི་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་གཡུལ་སར་ཏང་ནང་འཇུག་དགོས་པའི་བླང་བྱ་བཏོན་གནང་ཡོད།
     འགག་རྩའི་དུས་སྐབས་སུ་མདུན་དུ་ཤོར་མཁན་དང་ཉེན་ཁའི་དུས་སུ་དོན་མཁན་ནི། གུང་ཁྲན་ཏང་མི་དངོས་འབྲེལ་ཞིག་རེད། ཛ་དྲག་གི་འཐབ་རྩོད་འདིའི་ནང་། རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་ལ་བརྡ་ལན་ཞུས་ནས། དཔའ་ངར་ཆེན་པོས་མདུན་མཆོངས་དང་། དཔའ་ངར་ཆེན་པོས་དམག་འཐབ། སྲོག་ཉེན་ལ་མི་བལྟོས་པ། ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཏེ། འཐབ་ས་དང་པོར་བསྐྱོད་པ་དང་གཡུལ་ས་མདུན་མར་དམག་འཐབ་བྱས་ཡོད། ནད་པ་སྐྱོབ་བཅོས་བྱེད་མཁན་སྨན་ཁང་གི་ནད་ཁང་དང་། འཕྲལ་སྡོམ་འགག་སྒྲོལ་གྱི་ཚན་ཞིབ་ཁང་དང་སུའོ། མཉམ་འགོག་དང་མཉམ་དུ་ཚོད་འཛིན་གྱི་རླངས་འཁོར་བབས་ཚུགས་ཀྱི་ལམ་མདོ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བཟོ་གྲྭའི་འཁོར་ཁང་བཅས་སུ“ང་ནི་ཏང་ཡོན་ཡིན་པས་སྔོན་ལ་ཤོར་གྱི་ཡིན”“ཏང་ཡོན་གྱིས་འགན་ལྕི་མ་འཁུར་ན། སུ་ཡིས་འཁུར”ཅེས་པ་སོགས་དམ་བཅའི་ཚིག་ལས་ཏང་གཤིས་ཀྱི་གཟི་མདངས་མངོན་པ་དང་། གང་དུ་དཀའ་ངལ་དང་ཉེན་ཁ་ཡོད་ན། དེ་གར་ཏང་ཡོན་ཡོད་པ་དང་ཉེན་ཁ་ཆེ་བའི་ལས་ཀ་རང་ཉིད་ཀྱིས་བསྒྲུབས་པ་དང་མི་གཞན་བདེ་འཇགས་ཡོང་བར་བྱེད་པའི་དཔའ་ངར་ཞུམ་མེད་ཀྱི་བྱ་སྤྱོད་ལས། ཡིད་དབང་འགུག་ཤུགས་ཆེན་པོ་མངོན་ཡོད། རྒྱ་ཆེའི་ཏང་ཡོན་ཚོས་འགན་འཁྲི་ཕྲག་ཏུ་འཁུར་ནས་བྱས་རྗེས་བཞག་སྟེ་ཚད་ཤིང་རེ་རེ་དང་དར་ཆ་རེ་རེ་བཙུགས་པ་དང་མི་ཁྲི་སེམས་གཅིག་དང་དཀའ་ཚེགས་ལས་རྣམ་པའི་རྒྱལ་བའི་སྙིང་སྟོབས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་མ་ཟད། ཧུར་བརྩོན་ཅན་འབོར་ཆེན་ཞིག་ཏང་རྩ་འཛུགས་ཀྱི་ཕྱོགས་སུ་རྡོག་རྩ་གཅིག་སྒྲིལ་བྱས་ཡོད།
     མིག་དཔེའི་སྟོབས་ཤུགས་ནི་ཟད་མཐའ་མེད་པ་ཞིག་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར། ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཚོས་རང་འགུལ་ངང་འགོག་རྒོལ་དམག་འཐབ་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ནས་འགན་ལྕི་ཕྲག་ཏུ་འཁུར་ཡོད་ལ། ཏང་ནང་ཞུགས་རྒྱུའི་ཞུ་ཡིག་རེ་རེ་ལས། བརྩེ་སེམས་དང་འདུན་པ་མངོན་ཡོད། བློ་མཐུན་དེ་དག་གི་ཁྲོད་ནས་མང་ཆེ་བ་ནི་རྒྱུན་དུ་ལས་གནས་ཐོག་གི་འཇོན་ཐང་ཅན་དང་ལས་དོན་ཁྲོད་ཀྱི་རྐང་འཛིན་པ་ཡིན། ཁོང་ཚོས་ཏང་རྩ་འཛུགས་དང་རྡོག་རྩ་གཅིག་སྒྲིལ་བྱས་པ་དང་གུང་ཁྲན་ཏང་ཡོན་ལ་མིག་དཔེ་བལྟས་ཏེ། རང་རྟོགས་ངང་ཏང་རྩ་འཛུགས་ཀྱི་ཞིབ་བཤེར་དང་ལེན་བྱས། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཛ་དྲག་གི་འཐབ་རྩོད་ནང་། རིམས་ནད་ཁྲོད་ཁོང་ཚོར་ཚོད་བགམ་དང་ཉམས་སད་ཐེག་ཡོད་ལ། འཐབ་རྩོད་ཁྲོད་ཁོང་ཚོའི་དད་སེམས་དང་ལྷག་བསམ་དེ་བས་མངོན་ཡོད། ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཀྲམ་ནས། རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོའི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་དགོས་པ་དང་འབྲེལ་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་ཐོག་ཏུ་སྨན་དོན་མི་སྣ་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་རིམས་ནད་ཀྱི་འཐབ་ས་དང་པོར་བྱས་རྗེས་མངོན་གསལ་འཇོག་མཁན་དང་ཆ་རྐྱེན་དང་འཚམ་པའི་སྔོན་ཐོན་མི་སྣ་ཏང་ནང་འཇུག་དགོས་པའི་བླང་བྱ་བཏོན་ཡོད། སྨན་ཁང་གི་བར་ཁྱམས་དང་། འགྲིམ་འགྲུལ་ལམ་མདོའི་ཞིབ་བཤེར་ས་ཚིགས། དངོས་ཟོག་དབོར་འདྲེན་གྱི་རླངས་འཁོར་འཇོག་ས། སྡེ་ཁུལ་རྒྱལ་སྒོའི་ཞིབ་བཤེར་གུར་བཅས་སུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཞུགས་པའི་བརྗིད་ཆེའི་དམ་འཇོག་མཛད་སྒོ་འཚོགས་ནས“དུས་རྟག་ཏུ་ཏང་དང་མི་དམངས་ལ་ཐམས་ཅད་བློས་གཏོང་བའི”དམ་བཅའ་ཚང་མའི་སེམས་ལ་དམ་པོར་བཞག་ཡོད། འདི་ནི་ཏང་ཡོན་གསར་པ་གཟི་བརྗིད་ངང་ཏང་རྩ་འཛུགས་ལ་ཞུགས་པའི་ལོ་རྒྱུས་ཀྱི་དཔང་པོ་རེད་ལ། ཁོང་ཚོའི་མི་ཚེའི་ནང་བརྗེད་པར་དཀའ་བའི་ཉིན་མོའང་རེད།
     འདས་པ་དང་མ་འོངས་ད་ལྟ་གང་གི་དུས་སུའང་གུང་ཁྲན་ཏང་མི་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་སུ་བཅངས་ནས་ཐོག་མའི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ་རིམས་འགོག་གི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བའི་ཏང་དར་ལྟར་མི་རྣམས་ལ་རྟག་ཏུ་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་སྦྱིན་གྱི་ཡོད། རིམས་འགོག་གི་འཐབ་ས་དང་པོར་བྱས་རྗེས་མངོན་གསལ་འཇོག་མཁན་སྔོན་ཐོན་ཅན་དུས་ཐོག་ཏུ་ཏང་ནང་བཅུག་པ་ལས། གུང་ཁྲན་ཏང་མིའི་རིན་ཐང་ལྟ་བ་འཛིན་ཕྱོགས་མངོན་པ་དང་ལྕག་སྐུལ་དང་སྣེ་ཁྲིད་ཀྱི་ཕྱོགས་སྟོན་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་མ་ཟད། རིམས་འགོག་གི་སྟོབས་ཤུགས་ཆེན་པོ་དེ་བས་གཅིག་སྡུད་བྱས་ཡོད། ད་ཆ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་པས། རྒྱ་ཆེའི་ཏང་ཡོན་ཚོས་ཐོག་མའི་བསམ་འདུན་བྱ་སྤྱོད་དུ་འཁྱོལ་བར་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ཏེ་དཔའ་ངར་ཆེར་སྐྱེད་དང་འབད་འབུངས་སྟོབས་བརྩོན་གྱིས་དམག་འཐབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ་ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་འབུལ་དགོས།