མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 12:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་3ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བཞིན་པ།

འདི་ནི་ཟླ་3ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨར་ཝུའེ་དང་གྲོས་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐའ་མཇུག་གི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། རིམས་ནད་ཐོན་མ་ཐག་པའི་སྐབས་སུ། སྐུ་ཞབས་ཙུང་ཐུང་གིས་འཕྲལ་མ་ཉིད་དུ་ང་ལ་འཕྲིན་ཡིག་སྤྲིངས་ནས་འཚམས་འདྲི་གནང་བ་མ་ཟད། ད་ཐེངས་སླར་ཡང་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་ཏེ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ལུགས་མཚོན་པར་གནང་ཡོད། ཕ་ཁི་སི་ཐན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཀྲུང་གོ་ཕྱོགས་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བློ་ཐུབ་དང་སྐྱིད་སྡུག་མཉམ་མྱོང་གི་སྤུན་གྲོགས་བཟང་པོ་ཞིག་ཡིན་པ་དོན་དངོས་ལས་ར་འཕྲོད་ཡང་ཡང་བྱུང་ཡོད། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དམིགས་བསལ་གྱི་མཛའ་གྲོགས་ནི་ལོ་རྒྱུས་ཀྱི་གདམ་ག་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ནང་བརྟན་པོ་ཟུག་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། རིམས་ནད་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཤུགས་ཆེན་མཆེད་བཞིན་ཡོད། རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་རིམས་ནད་འགོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས། ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་ཐོག་ཏུ་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཀྱི་ཡོད། རིམས་ནད་འཛམ་གླིང་གི་ཁྱབ་ཁོངས་ནང་མཆེད་རྒྱུ་བཀག་འགོག་བྱེད་ཆེད་ཀྲུང་གོ་ཕྱོགས་ཀྱིས་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་དང་སྦྲགས། ཕ་ཁི་སི་ཐན་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་བལྟོས་མེད་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་གོང་འཕེལ་ཡག་པོ་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཞིག་ཡིན། ང་ཚོས་ཕ་ཁི་སི་ཐན་མཐུན་སྒྲིལ་དང་། བརྟན་ལྷིང་། དར་རྒྱས། སྟོབས་ཆེན་བཅས་ཡོང་བ་མཐོང་འདོད་འདུག རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕ་ཁི་སི་ཐན་གྱི་ཕྱོགས་སུ་བརྟན་པོ་ལངས་ནས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བར་གཞོལ་ཏེ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱས་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་བསྐྲུན་རྒྱུ་ཡིན། ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ་དང་། ཕ་ཁི་སི་ཐན་རྒྱལ་ཁབ་དེ་གའི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་འགོ་ཁྲིད་མི་སྣའི་དབར་རྒྱུན་གཏན་རང་བཞིན་གྱི་ཕན་ཚུན་འཚམས་འདྲི་དང་ཞལ་འཛོམས་བྱེད་པའི་སྲོལ་རྒྱུན་རྒྱུན་འཁྱོངས་དང་། གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ལས་གྲྭ་ཞིག་ཏུ་གཏོད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ལ་འབྲེལ་གཏུག་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། བདེ་འཇགས་བཅས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་འབུ་ཆ་ག་པའི་གནོད་འཚེ་སེལ་ཆེད་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད།
     ཨར་ཝུའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་རིམས་ནད་འགོག་རྒོལ་ལ་གལ་ཆེ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པས། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། གནོད་འཚེའི་མདུན་དུ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་ནུས་པ་དང་། སྐུལ་སློང་ཤུགས་ཆེན་གྱི་ནུས་པ་མངོན་པར་བྱས་ཡོད་ལ། ཀྲུང་གོ་མི་དམངས་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་རང་སྲོག་བློས་གཏོང་ལ་སྐྲག་མེད། ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་དང་བྱ་ཐབས་ཀྱིས་རྒྱལ་ཁབ་གཞན་ལ་ཕན་ཡོད་ཀྱི་དཔྱད་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམས་ནད་མཇུག་འགྲིལ་རྗེས་ཀྲུང་གོ་དེ་བས་རྒྱ་སྟོབས་ཆེ་རུ་འགྲོ་བའི་ཡིད་ཆེས་ཡོད། ཕྱོགས་གཏོགས་ཉུང་ཤས་ཀྱིས་རིམས་ནད་ཐོན་པའི་སྐབས་དང་བསྟུན་ནས“མིང་ཆད་ངན་པ”བཟོ་བ་དང་། ཀྲུང་གོ་གྲོགས་མེད་ཁེར་རྐྱང་དུ་འཇོག་རྩིས་བྱེད་པ་ནི་མི་སེམས་ལ་མི་འགྲོ་བས་ལམ་ལྷོང་ཡོང་མི་སྲིད། ཕ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བ་ཟབ་པའི་སྤུན་གྲོགས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་སེམས་ལྷག་པར་ཟབ་ལ་འགྱུར་མེད་བྲག་ལྟར་བརྟན་པོ་ཡོད། ཇི་ཙམ་དཀའ་ངལ་འཕྲད་པའི་དུས་སུ། དེ་ཙམ་གྱིས་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་མཐུན་སྒྲིལ་མངོན་ཐུབ་ཅེས་གསུངས་པ་རེད།

  
style="display:none;"