མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་19ཉིན། 11:19】  

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 
     ཞི་ཅིན་ཕིང་གིས་རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱུང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་ཕྱིན་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དུས་མཚུངས་སུ། ང་ཚོའི་མདུན་དུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་ལྷགས་ཡོད། ལྷག་པར་དུ་ཕྱི་རྒྱལ་གྱི་རིམས་ནད་ཁྱབ་པ་དང་མཆེད་པ་དང་དེས་འཛམ་གླིང་གི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ལ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་འགྲན་སློང་གསར་པའང་བྱུང་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པ་བྱས་ནས་དུས་བབ་དང་བསྟུན་ནས་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཀྱི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། ཧུའུ་པེ་དང་ཝུའུ་ཧན་གྱི་སྨན་བཅོས་སྲོག་སྐྱོབ་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན། རྗེས་མཐུད་ལས་དོན་བཅས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། ས་ཁུལ་གཞན་དག་གི་མི་སྣ་འགྲོ་འོང་དང་འདུ་འཛོམས་མང་དུ་ཕྱིན་པ་ལས་རིམས་ནད་བསྐྱར་ལོག་གི་ཉེན་ཁ་སྔར་བཞིན་གནས་ཡོད། ལྷག་པར་དུ་རྒྱལ་སྤྱིའི་རིམས་ནད་མགྱོགས་མྱུར་མཆེད་ལས་བྱུང་བའི་ནང་འདྲེན་རང་བཞིན་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཞིབ་ཕྲ་བྱས་ཏེ་ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་མུ་མཐུད་ལེགས་སུ་ཕྱིན་པའི་རྣམ་པ་ལྡོག་ཕྱོགས་སུ་གཏན་ནས་འགྱུར་བཅུག་མི་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་རིམས་ནད་འགྱུར་ལྡོག་ལ་དབྱེ་ཞིབ་དང་སྔོན་དཔག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནང་འདྲེན་རང་བཞིན་གྱི་ཉེན་ཁར་ཁ་གཏད་གཅོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་ནས་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱེད་པ་བཅས་བྱེད་དགོས། མངའ་ཁོངས་ཕྱི་རོལ་གྱི་རང་རྒྱལ་སྤྱི་དམངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཁོང་ཚོའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"