འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་18ཉིན།

༄༅༎འཇར་པན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པར་ཏོག་གསར་གློ་ཚད་འགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚེས་17ཉིན་གནས་ཚུལ་སྤེལ་བར་གཞིགས་ན། འཇར་པན་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ། འཇར་པན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐན་ཏའོ་ཤིན་སན་ལ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བྱས་འདུག ཐོ་ཁེའོ་ཡི་དུས་ཚོད་ཆུ་ཚོད་18དང་སྐར་མ་30བར(པེ་ཅིང་གི་དུས་ཚོད་ཆུ་ཚོད་17དང་སྐར་མ་30བར)འཇར་པན་རྒྱལ་ནང་གི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་851ཟིན་པ་དང་། རིམ་རྩིས་བྱས་པའི་ཚེ་འདས་ནད་དཔེ་29ཡོད། 
     འཇར་པན་རླུང་འཕྲིན་མཐུན་ཚོགས(NHK)བརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ལོ་62ཡིན་པའི་ཐན་ཏའོ་ཤིན་སན་ཚེས་16ཉིན་ཚ་རྒྱས་ནས་ཉིན་དེའི་འཇར་པན་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མེད་པ་རེད། ཟླ་2པའི་ཟླ་སྨད་དུ་ཁོང་ཧོ་ལན་དུ་ཡོ་རོབ་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མྱོང་བ་མ་ཟད། ད་དུང་ཨ་རིར་བསྐྱོད་དེ་འཇར་པན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ལ་གཟིགས་པ་རེད། 
     གཞན་ཡང་འཇར་པན་བདེ་ཐང་ངལ་རྩོལ་པུའུ་ཡིས་ཚེས་17ཉིན་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ནང་གི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་851ཕུད། “ཕ་ལམ་ཀོང་ཇོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་712ཡོད་པ་དང་ནད་པ་7ཚེ་ལས་འདས་པ་རེད། ནད་དཔེ་དེ་དག་ནང་རྒྱལ་ཁབ་ཁག་གིས་རང་གི་མི་སོ་སོའི་རྒྱལ་ཁབ་ཏུ་བསུས་རྗེས་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཚུད་མེད་ལ། གྲུ་གཟིངས་ཐོག་ལོགས་སུ་བཀར་ཏེ་དུས་ཚོད་ཐིམ་ནས་ཁྱིམ་དུ་ལོག་རྗེས་ནད་གཞི་གཏན་འཁེལ་བྱས་པའི་འཇར་པན་བ་ཡང་ཚུད་མེད། འཇར་པན་རྒྱལ་ནང་དུ་ནད་པ་171སྨན་ཁང་ནས་ཐོན་པ་དང་། “ཕ་ལམ་ཀོང་ཇོ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུའི་ནང་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་508སྨན་ཁང་ནས་ཐོན་ཡོད།