འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་18ཉིན།

༄༅༎མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་བྱེད་ཐབས་མཁས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་18ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བློ་རྩ་བརྟན་མིན་ཉེན་ཁ་འཕྲད་ན་ཤེས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཚོད་བགམ་གལ་ཆེན་བྱས་པ་ཞིག་ཡིན་ལ་འཐབ་རྩོད་བྱེད་ཕོད་པའི་དཔའ་སྟོབས་ལ་ཚོད་བགམ་བྱས་པ་ཞིག་ཡིན་པ་མ་ཟད་འཐབ་རྩོད་བྱེད་མཁན་གྱི་འཇོན་ཐང་ལ་ཚོད་བགམ་བྱས་པ་ཞིག་ཀྱང་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་སྐབས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་པོ་ཞིག་རེད་ལ་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆའང་ཡིན་པ་ནན་བཤད་གནང་བ་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་ཕྲག་སྟེང་དུ་ཁུར་ནས་ཚོད་བགམ་ཐེག་ཐུབ་པ་བྱས་ཏེ་ཚོད་བགམ་ཆེན་པོ་དེའི་ཁྲོད་འགན་འཁྲི་ཁུར་བའི་དཔའ་སྟོབས་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་བློ་གྲོས། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག སྒྲིག་འཛུགས་ལག་བསྟར་གྱི་ནུས་པ་བཅས་ཞུན་བརྡར་ཐེབས་པ་བྱས་ཐོག་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་བྱེད་ཐབས་ལ་མཁས་པ་བྱེད་ཐུབ་པའི་བླང་བྱ་བཏོན་གནང་བ་རེད།
     ཛ་དྲག་ཆེ་བའི་འཐབ་རྩོད་དེའི་ཁྲོད་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་གདོང་མཆོང་བྱེད་པ་དང་དཔའ་ངར་ཆེན་པོས་དམག་འཐབ་བརྒྱབ་ནས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད། རང་སོ་སོའི་ལས་གནས་ཐོག་གི་ཁོང་ཚོ་ནི་སྨན་དོན་ལས་དོན་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། སྡེ་ཁུལ་གྱི་ལས་དོན་པ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། དང་བླངས་པ་སོགས་རེད། ཁོང་ཚོས་འགག་རྩའི་དུས་སྐབས་སུ་གདོང་མཆོང་བྱེད་ཕོད་པ་དང་། ཉེན་ཁའི་སྐབས་སུ་བློས་གཏོང་ཕོད་པ། དཔའ་ངར་ཆེན་པོས་གདོང་ལེན་བྱེད་ཕོད་པ་དང་། གདོང་མཆོང་བྱེད་ཕོད་པ། རང་འགུལ་ངང་འགན་འཁྲི་འཁུར་བ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་མངོན་པ་དང་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་གཟུགས་བརྙན་བཟང་པོ་མཚོན་ཡོད། ད་ཆ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད་པ་དང་ས་མཚམས་ཕྱི་ནང་གི་མི་སྣ་འགྲོ་སྐྱོད་དང་འདུ་འཛོམས་བྱེད་མང་དུ་ཕྱིན་པ་ལས་རིམས་ནད་མཆེད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དེང་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་རྙོག་འཛིང་ཆེན་པོ་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱས་ཏེ་ལས་དོན་ཁག་ལ་སྤྱི་འདོམས་དང་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་བཏང་ནས་སྤྱོད་ཚུལ་དེ་བས་གཟབ་ནན་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
     མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་བྱེད་པར་ངེས་པར་དུ་འགན་འཁྲི་ཁུར་སེམས་ཤུགས་ཆེར་གཏོང་དགོས་ཤིང་། འདི་ལོ་རང་རྒྱལ་གྱི་འཕེལ་རྒྱས་ཐད་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཆེ་བའི་ཁར་ད་ཐེངས་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་གྱི་དཀའ་ཚད་ཧ་ཅང་ཆེན་པོ་ཡོད། ཉེན་ཁ་ཆེ་བའི་ས་ཁུལ་དུ་མུ་མཐུད་སེམས་ཤུགས་གཅིག་སྒྲིལ་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཉེན་ཁ་འབྲིང་བའི་ས་ཁུལ་དུ་སྔར་བཞིན་དུས་བབ་ལ་གཞིགས་ནས་སྔོན་འགོག་ཚོད་འཛིན་བྱས་ཏེ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པ། ཉེན་ཁ་ཆུང་བའི་ས་ཁུལ་དུ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པ་སོགས་ཚང་མར་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པས་འགན་འཁྲི་མི་འཁུར་བ་དང་། ལས་དོན་མི་སྤེལ་བ། འགན་འཁྲི་འཁུར་མི་འདོད་པ། གཡས་སྐྲག་གཡོན་སྐྲག་བཅས་གཏན་ནས་བྱ་མི་རུང་བ་དང་། ཉབ་བེ་ཉོབ་བེ་དང་། ཀ་རེ་ཀོ་རེ། གནས་ཚུལ་གསལ་པོ་མི་ཤེས་པ། ལས་ཀའི་བསམ་ཕྱོགས་མེད་པ་བཅས་གཏན་ནས་བྱ་མི་རུང་བ། ཁྲལ་སེལ་སླ་བཅོས་དང་། སྤྱོད་ཚུལ་རྣམ་གཡེང་། ལས་དོན་དམ་འཛིན་ཞིབ་ཚགས་མེད་ལ་དམ་འཛིན་བྱས་ཀྱང་ཏན་ཏིག་མེད་པ་བཅས་ཀྱང་གཏན་ནས་བྱ་མི་རུང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“རི་བོ་སྔོན་པོ་བཟུང་ནས་ལྷོད་གཡེང་མི་གཏོང་བ”དང“ལོའུ་ལན་མཁར་རྫོང་མ་གཏོར་བར་ཕྱིར་མི་ལོག་པའི”སྙིང་རུས་ལ་བརྟེན་ནས་སེམས་རྣལ་ལ་ཕབ་པ་དང་ལུས་ཚུགས་ཐུབ་པར་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། བསམ་བློ་གཏོང་ས། རེ་སྒུག་བྱེད་ས་བཅས་དུས་ཐོག་ཏུ་ཐག་གཅོད་བྱས་ཐོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཏན་ཏིག་དང་། ཞིབ་ཚགས། དོན་འཁྱོལ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་དང་། མཐའ་དག་དོན་དངོས་དང་བསྟུན་པ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཐོག རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་སེམས་ཤུགས་དེ་བས་མང་བ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འཐབ་ས་དང་པོའི་ལས་དོན་ཁྲོད་འདོན་ཐུབ་པར་བྱེད་དགོས།
     ས་སྲུང་ལ་ཐབས་ཤེས་ལེགས་པོ་ཡོད་དགོས་ན། ངེས་པར་དུ་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས། ཕྲག་པ་མཉེན་པོས་ཁུར་པོ་མཁྲེགས་པོ་འཁུར་མི་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་སྒྲུབ་ལས་གཏོད་བྱེད་པའམ་ཡང་ན་འགག་སྒྲོལ་དཀའ་སེལ་གང་ཡིན་ནའང་ཕྲག་ཞེང་ཆེན་པོ་དགོས་ལ་མཁྲེགས་པོའང་དགོས་པ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་དགོས་ལ་འཇོན་ཐང་ཡང་ཆེན་པོ་ཡོད་དགོས”ཞེས་གསུངས་པ་ལྟར། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རིང་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱི་བཅོས་སྐྱོང་འཇོན་ཐང་དང་ཆེད་ལས་ནུས་པ་མངོན་གསལ་དོད་པོས་རྗེས་མི་ཟིན་པས་ངེས་པར་དུ་མཐོང་ཆེན་བྱེད་དགོས། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཕྱོགས་བསྡུས་འཇོན་ཐང་དང་ཐག་གཅོད་འཇོན་ཐང་ཆེ་རུ་བཏང་སྟེ་རང་ཉིད་ཀྱི་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ་རང་ཉིད་ལས་རིགས་དེའི་ནང་གི་སྣེ་ཁྲིད་པར་གྱུར་ཐབས་བྱེད་དགོས། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ནི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕུགས་ལ་དམིགས་ཏེ་བཅོས་སྐྱོང་མ་ལག་གི་ཞན་ཆ་མགྱོགས་མྱུར་བསལ་ནས་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལ་ལམ་ལུགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཐོག དེང་རབས་ཅན་གྱི་གྲོང་ཁྱེར་བཅོས་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས།
     ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་ནང་རྩོད་ཕྱི་འཁྲུག་ཁྲོད་ཐོན་ཞིང་། དཀའ་སྡུག་དང་གེགས་བར་ཁྲོད་འཚར་ལོངས་བྱུང་ལ། འགག་སྒྲོལ་དཀའ་སེལ་ཁྲོད་སྟོབས་ཆེར་ཕྱིན་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ། སྐུལ་སློང་ནུས་པ་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཡོད་པས། ང་ཚོ་རིམས་ནད་དེ་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་དམིགས་ཚད་ལས་འགན་ཡང་མངོན་འགྱུར་ཐུབ་ངེས་རེད།