འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅༎ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཞིང་ཆེན་ཞིག་དང་གྲོང་ཁྱེར་ཞིག་དང་འབྲེལ་བ་ཡོད་པ་ཙམ་གྱིས་མ་ཚད་ད་དུང་རྒྱལ་ཡོངས་སྤྱི་ཡོངས་དང་དེ་བས་འབྲེལ་བ་ཡོད། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་འགག་རྩ་ཞིག་རེད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་སྟེ། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། དུས་སྐབས་འདི་འདྲ་ཞིག་ཏུ་སླེབས་པ་དེ་ཙམ་གྱིས་རིག་པ་དྭངས་གསལ་དགོས་པ་དང་། དེ་ཙམ་གྱིས་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་དགོས་པ། དེ་ཙམ་གྱིས་ཡང་འབད་བསྐྱར་འབད་བྱས་ནས་བྱེད་མཁས་ལ་རྗེས་ཐོན་པ་བཅས་བྱེད་དགོས། མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོ་དང་གལ་འགངས་ཆེ་ཤོས་ཀྱི་ལས་དོན་ལ་བརྩིས་ནས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་། དམག་འཐབ་ལ་སུན་སྣང་མི་བྱེད་པ། རྣམ་གཡེང་མི་བྱེད་པ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་ཡོད་པ་རེད།
     ཧུའུ་པེ་དང་ཝུའུ་ཧན་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དང་རྒྱལ་ཁ་ཕུ་ཐག་གཅོད་ཡུལ་ཡིན། རིམས་ནད་ཐོན་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ཁྱབ་རྒྱ་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྤྱད་དེ་རིམས་ནད་ཁྱབ་མཆེད་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་ཚོགས་ཆུང་ཝུའུ་ཧན་དུ་མངགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཧུའུ་པེའི་མི་དམངས་དང་ཝུའུ་ཧན་གྱི་མི་དམངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ངང་དམག་འཐབ་ནང་ཞུགས་པ་མ་ཟད། མི་དམངས་བཅིངས་འགྲོལ་དམག་དང་། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་འཕྲལ་མར་རོགས་སྐྱོར་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་རྒྱག་འགོ་བཙུགས་ཡོད། ཛ་དྲག་པའི་དམག་འཐབ་དེའི་ཁྲོད་ཧུའུ་པེའི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་མདུན་དུ་བསྐྱོད་དེ་བློ་ཁོག་ཆེན་པོས་འབད་འཐབ་བྱས་པ་དང་ཕྱོགས་མཚུངས་ཞིང་ཆེན་དེ་ཡོངས་ཀྱི་སྨན་དོན་ལས་དོན་པ་དང་། ཧུའུ་པེར་རོགས་སྐྱོར་ལ་སྐྱོད་མཁན་སྨན་བཅོས་རུ་མི་དང་དེ་བཞིན་དམངས་ཡོངས་ཞུགས་པ་དང་འཐབ་ས་དང་པོར་བསྐྱོད་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་བཀའ་རྒྱ་འབྱོར་འཕྲལ་བྱ་སྤྱོད་སྤེལ་བ་དང་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་གྱི་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་དཀའ་ཚེགས་ལ་མི་སྐྲག་པར་འཐབ་ས་དང་པོ་བརྟན་སྲུང་བྱེད་པ། རྒྱ་ཆེའི་མང་ཚོགས་ཀུན་སེམས་གཅིག་སྒྲིལ་ངང་ཧུར་ཐག་ཞུགས་པ་བཅས་ལས་མི་ཁྲི་སེམས་གཅིག་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་མངོན་པ་དང་ཀྲུང་ཧྭ་མི་རིགས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱེད་པའི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ཡོད།
     དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། དུས་བབ་བརྟན་ལྷིང་དང་ལེགས་སུ་འགྲོ་བའི་དམིགས་ཚད་རིམ་པས་མངོན་འགྱུར་བྱུང་ཡོད། དེ་ནི་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས་ལས་སླ་པོར་བྱུང་བ་ཞིག་མིན། འོན་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས་ལྷོད་གཡེང་གཏོང་བའི་དུས་སུ་སླེབས་མེད་པ་མཐོང་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འགག་རྩའི་དུས་སུ་སླེབས་ཡོད་པས་རིག་པ་སྒྲིམ་པ་ལས་ལྷོད་གཡེང་མི་གཏོང་བར་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་། ཨམ་གཙིགས་བསྡམས་པ། མཐའ་འཁྱོངས་མཐར་ཕྱིན། འཁུར་ཐུབ་པ་དང་སྲུང་ཐུབ་པ་བཅས་བྱེད་པ་ལས་རྐང་རྗེས་ལག་སུབ་བྱེད་མི་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ངེས་པར་དུ་མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་དགོས་པ་དང་། དོགས་ཟོན་ཆུང་དུ་མི་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དམའ་རུ་མི་གཏོང་བ་བཅས་ཀྱི་སྒོ་ནས་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་རྒྱལ་ཁ་ཡོངས་སུ་མ་ཐོབ་བར་ལེགས་སྒྲུབ་སྐོར་གླེང་རྒྱུ་མེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་བ་དང་ཚོད་བགམ་ཐེག་ཐུབ་པ་བྱས་ཏེ་སྤྱོད་ཚུལ་དེ་བས་ནན་པ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དམིགས་སར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
     ཝུའུ་ཧན་ལ་རྒྱལ་ཁ་ཐོབ་ན་ཧུའུ་པེར་རྒྱལ་ཁ་ཐོབ་པ་དང་། ཧུའུ་པེར་རྒྱལ་ཁ་ཐོབ་ན་རྒྱལ་ཡོངས་ལ་རྒྱལ་ཁ་ཐོབ་པ་ཡིན། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ཨང་དང་པོར་འཇོག་པ་དང་། ཚན་རིག་དང་མཐུན་པའི་ངང་གནད་སྨིན་སྐྱོབ་བཅོས་ལ་ཤུགས་རྒྱག་པ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་སྨན་བཅོས་དྲག་སྐྱེད་ཐུབ་ཚད་མཐོ་རུ་དང་འཆི་ཚད་དམའ་རུ་གཏོང་བ་བཅས་བྱེད་པ་ནས་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་མི་དམངས་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ཏེ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་འགོག་རགས་བརྟན་པོ་ཡོང་བ་བྱེད་པའི་བར་དང་། སྨན་བཅོས་སྟོབས་ཤུགས་ཞན་པའི་གྲོང་ཁྱེར་དང་ཀྲོའུ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་གཏོང་བ་ནས་གཏིང་ཟབ་ཞིབ་ཚགས་ཀྱི་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་དམངས་འཚོར་ཞབས་འདེགས་ཞུ་བ་དང་འགན་ལེན་བྱ་རྒྱུར་གཙིགས་ཆེན་བྱེད་པའི་བར། སླར་ཡང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྔོན་འགྲོའི་ཆ་རྐྱེན་འོག ཧེ་བག་ཅན་གྱི་ཐབས་ཇུས་སྤྱད་དེ་སྐབས་བསྟུན་ངང་ཁུལ་དབྱེ་རིམ་དབྱེ་དང་། རིགས་དབྱེ་དུས་དབྱེ། ཆ་རྐྱེན་ལྡན་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བཅས་ཀྱི་བར། ལས་ཀའི་བྱ་ཐབས་ཁག་ངེས་པར་དུ་དམིགས་སར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་ཁག་གིས་ཧུའུ་པེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཧུའུ་པེའི་དོན་དངོས་དཀའ་ངལ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་གང་མགྱོགས་ཕྱོགས་ཡོངས་ནས་རྒྱུན་གཏན་གྱི་འགྲོ་ལམ་ཐོག་བསྐྱོད་ཐུབ་པ་བྱེད་དགོས།
     མཐའ་འཁྱོངས་ནི་རྒྱལ་ཁ་ཡིན་ལ། དེ་བས་རྒྱལ་ཁ་ཐོབ་ཉེར་ཡོད། ང་ཚོས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། “ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི”མཉེན་ཤུགས་དང་།“ལའུ་ལན་མཁར་རྫོང་མ་ཕབ་བར་གྱི”ངར་ཤུགས་ལ་བརྟེན་ནས་མུ་མཐུད་འགག་སྒྲོལ་དཀའ་སེལ་དང་། དཀའ་སྤྱད་འབད་འཐབ་བྱས་ཚེ་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་ལ། རིམས་ནད་འགོག་རྒོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁའང་ཐོབ་ངེས་ཡིན།