འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་16ཉིན།

༄༅༎མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པར། མི་དམངས་ལ་དམ་པོར་བརྟེན་དགོས། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པར། མང་ཚོགས་སྐུལ་སློང་བྱས་ཏེ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་དགོས།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས། སྡེ་ཁུལ་གྱི་ལས་དོན་པ་དང་། གཞི་རིམ་གྱི་མི་དམངས་ཉེན་རྟོག་པ། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་ཀྱི་སྨན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྡེ་ཁུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་སྡེ་ཁུལ་དུ་བསྐྱོད་པ། སྡེ་ཁུལ་དུ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྡེ་ཁུལ་ཚང་མ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་དང་ལྡན་པའི་མཁར་རྫོང་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
     རིམས་ནད་ཀྱི་གནས་ཚུལ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་དང་མཉམ་འབྲེལ་མཉམ་འགོག་གི་འགོག་སྲུང་མ་ལག་བསྐྲུན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་ཡིན་པའི་སྡེ་ཁུལ་གྱིས་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་འགན་འཁུར་ཡོད་ལ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་མཁན་བློ་མཐུན་ཚོའི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། ཏང་ཡོན་དང་ལས་བྱེད་པ་ཚོས། ཉིན་མཚན་བལྟོས་མེད་དང་། ངལ་དུབ་ལ་མི་སྐྲག་པ། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དེ་ཐོག་ནས། ཤི་རྒྱུར་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། སྤྱི་ཡོངས་ལ་བསྟུན་པ། ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་སྙིང་སྟོབས་མངོན་ཡོད། རྒྱ་ཆེའི་མང་ཚོགས་ཚོས་སྤྱི་ཡོངས་ལ་བསྟུན་པ་དང་། མི་ཁྲི་སེམས་གཅིག མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ཁག་ལ་རང་རྟོགས་ངང་བརྩི་སྲུང་ཞུས་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ། རིམས་ནད་མཆེད་རྒྱུ་འགོག་པ་དང་མང་ཚོགས་ཀྱི་འཚོ་བ་འགན་ལེན་བྱ་ཆེད། ལེགས་སྐྱེས་གལ་ཆེན་ཕུལ་བ་དེ་ཐོག་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་ཡོད།
     རིམས་ནད་འགོག་རྒོལ་གྱི་འཐབ་ས་གཉིས་ཡོད་པའི་ནང་། གཅིག་ནི་ནད་པ་སྐྱོབ་བཅོས་བྱེད་མཁན་གྱི་སྨན་ཁང་གི་འཐབ་ས་དང་། གཅིག་ཤོས་ནི་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དེ་རེད། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པའི་འགག་རྩ་དེ། སྡེ་ཁུལ་ལ་བརྟེན་དགོས། སྡེ་ཁུལ་ནི་ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་བྱེད་པའི་འགོག་སྲུང་ནུས་ལྡན་ཞིག་རེད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་ལྷོད་གཡེང་བྱེད་པའི་དུས་སུ་སླེབས་མེད། ད་ཆ་འགག་རྩའི་དུས་སུ་སླེབས་པས། ངེས་པར་དུ་ཨམ་གཙིགས་བསྡམས་ནས་མཐའ་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་མི་དམངས་མང་ཚོགས་སྐུལ་སློང་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་རང་ངོས་ཞབས་ཞུ་དང་རང་ངོས་འགོག་སྲུང་ནུས་པ་ཆེ་རུ་གཏོང་དགོས། འགོག་རྒོལ་དམག་འཐབ་དེར་རྒྱལ་ཁ་ལེན་པའི་གཙོ་གནད་དེ“སྔོན་འགོག”ལ་ཐུག་ཡོད། མཐའ་མའི་རྒྱལ་ཁ་ལེན་པར། མང་ཚོགས་ཚོའི་སྔ་ཕྱི་བར་གསུམ་གྱི་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུ་དང་ཁ་འབྲལ་ཐབས་མེད་ལ། མང་ཚོགས་ཀྱིས་ཨམ་གཙིགས་བསྡམས་ནས་མཐའ་འཁྱོངས་བྱེད་པ་དང་དེ་བས་ཁ་འབྲལ་ཐབས་མེད། སྡེ་ཁུལ་གྱི་འགོག་རྒོལ་ནུས་པ་མུ་མཐུད་ཡག་པོ་འདོན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཞི་རིམ་དུ་བསྐྱོད་པ་དང་སྡེ་ཁུལ་གྱི་གྲོང་མི་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས། ངར་ཤུགས་སྒྲིམ་པ་དང་། ཨམ་གཙིགས་སྡོམ་པ། མཐའ་འཁྱོངས་མཐར་ཕྱིན་བཅས་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ། སྡེ་ཁུལ་ཚང་མ་སྟོབས་དང་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁར་རྫོང་དུ་འགྱུར་བར་བྱེད་དགོས་པ་མ་ཟད། ལས་འགན་འཁུར་ཐུབ་པ་དང་སྲུང་ཐུབ་པ་བྱེད་པ་ལས། རྐང་རྗེས་ལག་སུབ་བྱ་མི་རུང་། རིམས་ནད་སྔོན་འགོག་ཚོད་འཛིན་རིང་། དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་སྤྱོད་དགོས་པ་ནི་རྦད་དེ་དགོས་ངེས་ཤིག་རེད། ད་ཆའི་དུས་མཚམས་སུ་ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་བའི་ས་ཁུལ་ཕུད། ས་ཁུལ་གཞན་ལ་བྱེད་ཐབས་ཚད་རན་པོ་སྤྱོད་པར་མཐོང་ཆེན་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆུང་ཙམ་ཐེབས་པ་དང་འགོག་རྐྱེན་ཉུང་ཙམ་བཟོ་བའི་བྱེད་ཐབས་སྤྱོད་དགོས།
     དམངས་འཚོ་བརྟན་ཚེ། མི་སེམས་དང་སྤྱི་ཚོགས་བརྟན་པོ་ཡོང་ཐུབ། མང་ཚོགས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པའི་གཙོ་གནད་དམངས་འཚོར་ཞབས་འདེགས་དང་འགན་ལེན་ལ་ཐུག་ཡོད། ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་ཀྱི་གནས་ཚུལ་ལྕི་བའི་ས་གནས་མང་ཚོགས་རྣམས་ལོགས་སུ་བཞག་ནས་ཉིན་མང་པོ་ཕྱིན་པས། སེམས་མི་སྐྱིད་པའི་སྣང་ཚུལ་ཁ་ཤས་ཐོན་པར། བསམ་ཤེས་དང་། བཟོད་སྒོམ། ཁོག་ཡངས་བཅས་བྱས་ཏེ། ཕྱོགས་ཁག་གི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་བསམ་བློ་མང་ཙམ་གཏོང་བ་དང་ཁྲོམ་རའི་དགོས་མཁོ་དང་རིན་གོང་ལ་ལྟ་ཞིབ་ནན་པོ་བྱས་ཏེ། འབྲས་དང་། གྲོ་ཞིབ། སྣུམ། ཤ སྒོ་ང་། འོ་མ། སྔོ་ཚལ། ཤིང་འབྲས་སོགས་འཚོ་བའི་དགོས་མཁོ་མཁོ་སྤྲོད་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་རྐྱེན་གྱིས། ཁྱིམ་དུ་ལོགས་སུ་བཞག་པའི་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས། འགན་གཙང་འབྲེལ་གཏུག་མི་སྣ་བཀོད་སྒྲིག་དང་འཚམས་འདྲི་ལྟ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་རོགས་རམ་བྱེད་དགོས།
     རིམས་ནད་བགོས་པའི་མང་ཚོགས་ལ་ཕྱོགས་ཡོངས་ནས་སེམས་ཁུར་དང་ཁོ་ཚོའི་ནང་མིར་ལྟ་རྟོག་ཡག་པོ་བྱས་ནས། ནད་པ་སེམས་ལྷོད་པོས་སྨན་བཅོས་ཐུབ་པ་དང་། ལྷག་པར་དུ། ནད་པ་དང་ཁོ་ཚོའི་ནང་མི་དང་གྲོངས་མཁན་གྱི་ནང་མི་སོགས་ལ་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་རྒྱག་དགོས། མི་དམངས་མང་ཚོགས་ཀྱི་ཞབས་ཞུ་བ་ཞིག་བྱས་ཏེ་མང་ཚོགས་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱས་ནས་དྲོ་སྐྱིད་སྦྱིན་དགོས།
     རིམས་ནད་སྔོན་འགོག་ཚོད་འཛིན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་བྱེད་པའི་འཐབ་རྩོད་དྲག་པོ་ཞིག་རེད། རིམས་འགོག་གི་འཐབ་ས་དང་པོ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་མངོན་པའི་རྡོ་ཀ་ཤུ་ཁ་དང་བརྡར་རྡོ་ལྟ་བུ་ཞིག་རེད། ཐོག་མའི་བསམ་འདུན་བྱ་སྤྱོད་ལ་འཁྱོལ་བ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་མི་དམངས་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱས་ནས། དུས་ཐོག་ཏུ་མང་ཚོགས་ལ་གང་མཁོ་བ་དང་། གང་བསམ་པ། གང་ལ་རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཚེ། ང་ཚོས་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་འཐོབ་སྲིད་པ་མ་ཟད། འཐབ་རྩོད་དེར་ཕྱོགས་ཡོངས་ནས་རྒྱལ་ཁ་མགྱོགས་མྱུར་འཐོབ་ངེས་རེད།