འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་15ཉིན།

༄༅༎དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་15ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “འགྱུར་ལྡོག་ཆེ་བས་དཔའ་བོའི་རང་གཤིས་མངོན། ཁྱེད་རྣམ་པས་དངོས་འབྲེལ་ནད་བཅོས་སྲོག་སྐྱོབ་དང་བརྩེ་སེམས་ལ་མུ་མཐའ་མེད་པ་མངོན་པར་བྱས་ཡོད། ཁྱེད་རྣམ་པ་ནི་འོད་ཟེར་ལྡན་པའི་ལྷ་རྗེ་དང་རེ་བས་ཁེངས་པའི་ལྷ་རྗེ་ཡིན་ལ་དེ་བས་ཆེས་ཡིད་དུ་འོང་བའི་ལྷ་རྗེ་དང་དཔའ་བོ་ངོ་མའང་ཡིན། ཏང་དང་མི་དམངས་ཀྱིས་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”
     ཟླ་3ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཏེ་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་ལས་དོན་པར་ཁྱེད་རྣམ་པ་ནི“དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་རེད”ཅེས་ཚད་མཐོའི་གདེང་འཇོག་དང་སེམས་རྩ་འཁོལ་བའི་བསྔགས་བརྗོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཧུའུ་པེ་དང་ཝུའུ་ཧན་མི་དམངས་ལ་རིམས་ནད་ཀྱི་ཆག་སྒོ་ཆེན་པོ་བྱུང་བའི་འགག་རྩའི་དུས་སུ་རྒྱ་ཆེའི་སྨན་དོན་ལས་དོན་པས་བློ་བརྟན་འགྱུར་མེད་ངང་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལས་སྨན་དོན་མི་སྣའི་བྱམས་སེམས་ལྡན་པའི་བླ་ན་མེད་པའི་སྙིང་སྟོབས་མངོན་ཡོད་ལ་དུས་རབས་གསར་པའི་སྨན་དོན་ལས་དོན་པའི་གཟུགས་བརྙན་བཟང་པོའང་མངོན་ཡོད་པས་ཀྲུང་གོའི་མི་དམངས་ཡོངས་དང་འཛམ་གླིང་གི་མི་དམངས་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། མིག་སྔར་རིམས་ནད་ཁྱབ་མཆེད་འགྲོ་ཚུལ་གཞི་རྩའི་ཆར་བཀག་འགོག་ཐུབ་ནས་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེ་ནི་ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་མཉམ་དུ་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན་པ་མ་ཟད། ཁྱེད་རྣམ་པ་ནི་བྱས་རྗེས་ཅན་ཡིན་པས་ཏང་དང་མི་དམངས་ཀྱིས་ཁྱེད་རྣམ་པར་བྱས་རྗེས་རིམ་པ་དང་པོ་སྤྲོད་རྒྱུ་ཡིན་ཞེས་གསུངས་པ་རེད།
     རིམས་ནད་ཐོན་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མ་ཉིད་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བ་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཏང་ཀྲུང་དབྱང་གིས་སྤྱད་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡོད་དོ་ཅོག་ནི་མང་ཚོགས་དེ་བས་མང་བར་གང་ཐུབ་ཅི་ཐུབ་ངང་རིམས་ནད་མ་འགོ་བ་དང་ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་བཅོས་ཐུབ་རྒྱུར་སྔོན་ནས་བསམ་གཞིག་བྱས་པ་ཞིག་རེད། ཛ་དྲག་པའི་རིམས་ནད་ཐོན་སྐབས་ཧུའུ་པེ་ཞིང་ཆེན་ཡོངས་དང་དམག་དཔུང་ཚུད་པའི་རྒྱལ་ཡོངས་ས་གནས་ཁག་གི་ཧུའུ་པེར་རོགས་སྐྱོར་ལ་སྐྱོད་མཁན་སྨན་བཅོས་རུ་མི་དང་དེ་བཞིན་དམངས་ཡོངས་ཞུགས་པ་དང་འཐབ་ས་དང་པོར་སྐྱོད་མཁན་ཚོས་སྒྲུབ་འོས་པའི་ལས་འགན་ཕྱིར་མི་བཤོལ་བ་དང་སྐྲག་སྣང་སྤུ་ཙམ་ཡང་མེད་པར་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་ལས་དོན་ནང་ཞུགས་ཏེ་སྡུག་བསྲན་ཁྱད་པར་ཐེག་པ་དང་དམག་འཐབ་ཁྱད་པར་འཇོན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱེད་པ་དང་། རང་སྲོག་ཤོར་བར་མི་འཛེམ་པ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། རང་འཁུར་ལས་འགན་ལ་ངོ་མི་གནོང་བ་བཅས་ཀྱི་སྒོ་ནས་དུས་ཚོད་དམ་འཛིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུའི་ནུས་པ་བཏོན་ཏེ་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུ་ཞག་མེད་པའི་དམག་འཐབ་དེའི་ཁྲོད་འཐབ་ས་དང་པོའི་སྨན་དོན་ལས་དོན་པ་ཚོ་ནི་དཀའ་ཚེགས་ཆེ་ཤོས་ཡིན་པས་ལུས་སེམས་གཉིས་པོར་བསམ་ཚོད་དཀའ་བའི་ཁུར་པོ་ཆེན་པོ་བྱུང་ནས་ལ་ལར་སྟབས་མ་ལེགས་པར་ནད་དུག་འགོས་པ་དང་ལ་ལས་ཐ་ན་ལས་ཀའི་དོན་དུ་རང་སྲོག་དོར་ནས་རྩ་ཆེའི་ཚེ་སྲོག་ཀྱང་བློས་གཏོང་བྱས་ཡོད། ཁོང་རྣམ་པས་ནད་པར་རེ་བ་དང་འོད་སྣང་སྦྱིན་ཡོད་པ་དང་། ཁོང་རྣམ་པའི་བྱས་རྗེས་མི་སེམས་འགུལ་བ་དང་དགའ་སྐྱོ་གཉིས་ལྡན་ཡིན་པ། ཁོང་རྣམ་པ་ནི་ཆེས་ཡིད་དུ་འོང་བའི་ངོ་གནོང་མི་དགོས་པའི་ལྷ་རྗེ་དང་། དཔའ་བོ་ངོ་མ། དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་བཅས་རེད།
     ཕོ་རྒོད་མིན་གཡུལ་སར་ཞུགས་ན་ཤེས། གསེར་བཟང་ཞན་ཀ་ཤུ་ཀ་ཡིས་དཔྱོད། རིམས་ནད་ཀྱི་དམག་འཐབ་ཛ་དྲག་པའི་ཁྲོད་རྒྱ་ཆེའི་སྨན་དོན་ལས་དོན་པ་ཚོས་འཐབ་ས་དང་པོར་བསྐྱོད་དེ་བསྟུད་མར་འབད་འཐབ་བྱས་ནས་ཚེ་སྲོག་གོང་དུ་བཀུར་བ་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་སྤྲོ་བ། བརྩེ་སེམས་ལ་མུ་མཐའ་མེད་པ་བཅས་ཀྱི་ལས་རིགས་ཀྱི་སྙིང་སྟོབས་མངོན་པ་མ་ཟད། ཉེན་ཁར་ཐུག་ཀྱང་སྐྲག་སྣང་མི་སྐྱེ་བ་དང་། སྒྲུབ་འོས་ལས་འགན་ཕྱིར་མི་བཤོལ་བ། བློ་ཁོག་ཆེན་པོས་མདུན་སྐྱོད་བྱེད་པ། རང་དོར་གཞན་སྐྱོབ་བཅས་ཀྱི་འགན་འཁྲི་དང་ལས་འགན་བསྒྲུབས་པ་མངོན་པ། བློ་སྟོབས་ཆེ་བའི་གཤིས་རྒྱུད་མངོན་པ། བསམ་པའི་སྟོབས་ཤུགས་ཆེན་པོ་མངོན་པ་བཅས་བྱས་ཡོད། ཁོང་རྣམ་པའི་ཁྲོད་མི་ཚོས་མཐོང་ཐུབ་པ་ནི“དགུ་བཅུའི་ནང་སྐྱེས”དང“ཉིས་སྟོང་ལོའི་ནང་སྐྱེས”ཀྱི་གཟུགས་བརྙན་དང་ལྷག་པར་དུ་ཧུའུ་པེར་རོགས་སྐྱོར་དུ་སྐྱོད་མཁན་སྨན་དོན་མི་སྣ་ཁྲི་4.2ལྷག་ཙམ་ཡོད་པའི་ཁྲོད་ནས་ཁྲི་1.2ལྷག་ཙམ་ནི“དགུ་བཅུའི་ནང་སྐྱེས”ཡིན་པའི་ནང་ནས་མང་པོ་ཞིག་ནི“གོ་ལྔ་ནང་སྐྱེས”དང་ཐ་ན“ཉིས་སྟོང་ནང་སྐྱེས”ཡིན་པ་རེད། ཁོང་རྣམ་པས་དཀའ་སྡུག་ལ་མི་སྐྲག་པ་དང་རང་སྲོག་བློས་གཏོང་ལ་མི་སྐྲག་པར་བློ་ཁོག་ཆེན་པོས་འགན་འཁྲི་ལྕི་པོ་འཁུར་བ་དང་ཚོད་བགམ་ཐེག་ཐུབ་པར་བྱེད་པ་མ་ཟད། བྱ་སྤྱོད་ངོ་མར་བརྟེན་ཏེ་གཞོན་སྐྱེས་མི་རབས་ཀྱི་འགན་འཁྲི་དང་། ལས་འགན། རིན་ཐང་བཅས་མངོན་ཐོག་དཔའ་བོའི་དཔའ་ཉམས་ལྡན་པའི་བྱ་སྤྱོད་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་སྐྱེས་ཀྱི་མིག་དཔེ་བཏོད་ཡོད།
     “སྨན་རྫས་སྤྱོད་པ་དམག་མི་བཀོལ་དང་མཚུངས། སྨན་པ་སྤྱོད་པ་དམག་དཔོན་བཀོལ་དང་འདྲ”སྨན་དོན་མི་སྣ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་གཙོ་རྐང་སྟོབས་ཤུགས་ཤིག་དང་སྨན་དོན་མི་སྣའི་བདེ་ཐང་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་ཁོང་རྣམ་པར་སྲུང་སྐྱོབ་དང་དགའ་གཅེས་བྱ་རྒྱུར་མཐོང་ཆེན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁོང་རྣམ་པར་ཐུགས་ཁུར་དགའ་གཅེས་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་འགོག་སྲུང་དངོས་རྫས་དང་འཚོ་བའི་དངོས་རྫས་འགན་ལེན་དོན་འཁྱོལ་ཡག་པོ་བྱེད་པ། གླ་ཕོགས་ཐོབ་ཐང་དང་། གནས་སྐབས་གླ་ཕོགས་ཀྱི་ཁ་གསབ། འཕྲོད་བསྟེན་རིམས་འགོག་གི་ཕོགས་སྣོན་ཐོབ་ཐང་བཅས་དོན་འཁྱོལ་ཡག་པོ་བྱེད་པ། འཐབ་ས་དང་པོའི་སྨན་དོན་མི་སྣར་ཐུགས་ཁུར་དགའ་གཅེས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་གང་མགྱོགས་བཏོན་པ་བཅས་ཀྱི་སྒོ་ནས་ཚང་མའི་ཕུགས་ཀྱི་སེམས་ཁྲལ་སེལ་རོགས་བྱས་ཏེ་ཚང་མ་སེམས་ཤུགས་ཀྱིས་ཁེངས་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས།
     རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་རྒྱ་ཆེའི་སྨན་དོན་མི་སྣ་ཚོས་མཐའ་མའི་རྒྱལ་ཁ་མ་ཐོབ་བར་ངར་ཤུགས་གཅིག་སྒྲིམ་དང་ཨམ་གཙིགས་བསྡམས་རྒྱུ་མཐའ་འཁྱོངས་བྱེད་དགོས། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ནི་སྔར་བཞིན་ལས་འགན་ཨང་དང་པོ་ཡིན་པས་ཚན་རིག་དང་མཐུན་པའི་གནད་སྨིན་སྐྱོབ་བཅོས་ཐད་འབད་བརྩོན་ཧུར་ཐག་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་དང་ལག་རྩལ་སྟོབས་ཤུགས་གང་ལེགས་གཅིག་སྡུད་བྱས་ནས་ནད་པ་སྐྱོབ་བཅོས་བྱེད་པ། ནད་པ་སྨན་བཅོས་བྱས་ནས་དྲག་སྐྱེད་ཐུབ་ཚད་གོང་མཐོར་དང་གྲོངས་ཚད་དམའ་རུ་གང་ཐུབ་གཏོང་བ་བཅས་ཀྱི་སྒོ་ནས་སྐྱོབ་བཅོས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། “ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་དུས་ནམ་ཡང་ཁྱེད་རྣམ་པ་དང་མཉམ་དུ་གནས་ཡོད་ལ། དུས་ནམ་ཡང་ཁྱེད་རྣམ་པའི་འགྱུར་མེད་ཀྱི་རྒྱབ་རྟེན་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལས་རྒྱ་ཆེའི་སྨན་དོན་མི་སྣ་ཚོར་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ཡོད་པས་རྒྱ་ཆེའི་སྨན་དོན་མི་སྣ་ཚོས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་ལས་འགན་ལེགས་གྲུབ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།