འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་15ཉིན།

༄༅༎ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོ་བརྟན་པོ་ཡོང་བ་དང་། སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་
བརྒྱབ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ཡིད་ཆེས་བརྟན་དུ་ཕྱིན་པ་དང་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་14ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དམངས་འཚོ་བརྟན་པོ་བྱུང་ན། མི་སེམས་བརྟན་པོ་ཡོང་བ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་ཐུབ། ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་དང་འབྲེལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་རྒྱུར་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཀྱང་གནང་ཡོད།
     ཉིན་ཤས་བསྟུད་མར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གདེང་ཚོད་བརྟན་དུ་གཏོང་བ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས། དཀའ་ངལ་ལ་མ་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འབུངས་ཆེར་སྐྱེད་ཀྱིས་བྱ་སྤྱོད་སྤེལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
     དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། རྒྱལ་ཁ་ཕུ་ཐག་གཅོད་ཡུལ་ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་འགག་རྩའི་དུས་མཚམས་སུ་སླེབས་ཡོད།
     “གྲོང་ཁྱེར་ཡོངས་ཀྱི་གྲོང་མིའི་ཁུལ་ཆུང་ལ་སྔར་བཞིན་བཀག་སྡོམ་ནན་པོའི་དོ་དམ་བྱ་ཐབས་ལག་ལེན་བསྟར་བའི་ཆ་རྐྱེན་འོག་ཁྲོམ་རའི་མཁོ་སྤྲོད་ནི་དམངས་འཚོའི་གནད་དོན་ཆེ་ཤོས་རེད”ཅེས་ཝུའུ་ཧན་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཧན་མིང་ཁྲུན་གྱིས་བརྗོད་པ་དང་། ཁོང་གིས་མཁོ་སྤྲོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། འབྲས་དང་གྲོ་ཞིབ་དང་བཟའ་སྣུམ་དང་། ཤ་རིགས་དང་། སྒོ་ང་། འོ་མ་སོགས་ཀྱི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་དང་། རིན་གོང་བརྟན་པོ་ཡོང་བ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཏའེ་ཀང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་བསལ་ཚོགས་སྤྱིར་ལྟ་རྟོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བར་བག་ཆགས་ཟབ་མོ་ཡོད་པ་རེད།
     “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་གནད་དོན་ལ་དོ་ཁུར་གནང་བ་དང་། ལྷག་དོན་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁྲལ་གནང་གི་འདུག་པས། དེ་ལས་ང་ཚོས་ལས་ཀ་ཡག་པོ་བྱེད་རྒྱུར་སྐུལ་མ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང”ཞེས་ཧུའུ་ཏའེ་ཀང་གིས་བརྗོད་པ་དང་། ཚེས་12ཉིན་གྱི་ཞོགས་པའི་ཆུ་ཚོད་8པར། ཁོང་གིས་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་དང་། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་སྐོང་བསྡུ་བྱས་ནས་གྲོང་མིའི་དགོས་མཁོ་བསྡོམས་རྩིས་བརྒྱབ་པ་དང་སྦྲགས། དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་རྒྱུ་བཀོད་སྒྲིག་ཀྱང་བྱས་པ་རེད།
     “ང་ཚོའི་སྡེ་ཁུལ་དུ་མི་ཧྲེང་རྒན་རྒོན་དང་། དཀའ་ངལ་ཡོད་པའི་བྱིས་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབང་པོ་སྐྱོན་ཅན་སོགས་ཁྱོན་མི་121ཡོད་པ་དང་། དེ་དག་ནི་སྔ་ཕྱི་བར་གསུམ་དུ་ང་ཚོའི་ལས་ཀའི་གཙོ་གནད་ཡིན་ལ། ཞལ་འདེབས་དངོས་པོ་སྔོན་ལ་སྤྲོད་ཡུལ་ཡང་རེད། ང་ཚོས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཁོང་ཚོའི་འཚོ་བར་སེམས་ཁྲལ་མེད་པའི་འགན་ལེན་བྱེད་རྒྱུ་ཡིན”ཞེས་ཧུའུ་ཏའེ་ཀང་གིས་བརྗོད་པ་རེད།
     རིམས་ནད་ཐོན་ཚུན། ཧུའུ་པེ་དགེ་འོས་སློབ་ཆེན་སེམས་ཁམས་བདེ་ཐང་སློབ་གསོ་དང་བློ་འདྲི་ལྟེ་གནས་ཀྱི་ཀྲུའུ་རེན་ཅིང་ཡུས་མེས་བློ་འདྲིའི་ཐད་འབྲེལ་ཁ་པར་བརྒྱུད་ནད་པ་དང་ཁོང་ཚོའི་ནང་མི་དང་། ནད་གཞིས་རྐྱེན་པས་གྲོངས་པའི་མིའི་ནང་མིར་སེམས་གསོ་བཏང་བ་རེད།
     “‘སེམས་གསོ་གཏོང་བ་དང་སེམས་ཁམས་བློ་འདྲིའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས’ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ངའི་སེམས་ལ་ཟུག་པོ་བྱུང་། ལས་ཀ་འདི་བྱེད་པའི་དད་སེམས་སྔར་བས་བརྟན་དུ་ཕྱིན་སོང་བས། རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ལ་བརྟེན་ནས་ཁོང་ཚོ་དཀའ་ངལ་ལས་སྒྲོལ་རོགས་བྱེད་རྒྱུ་ཡིན”ཞེས་ཅིང་ཡུས་མེས་བརྗོད་པ་རེད།
     མི་སེམས་གཅིག་ཏུ་འགྲིལ་གྱུར་ན། རི་བོ་ཐའེ་ཧྲན་ཡང་སྤོ་བར་ནུས། ད་ཐེངས་ཀྱི་རིམས་ནད་ཀྱིས་དུས་ཐུང་ནང་ཧུའུ་པེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་མོད། འོན་ཀྱང་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་དང་ཡུན་རིང་ལེགས་འཕེལ་གྱི་གཞི་རྩའི་རྣམ་པར་ཤུགས་རྐྱེན་ཐེབས་མི་སྲིད།
     ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅོན་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ལུན་གྱིས“དུས་དང་བསྟུན་ནས་ཁུལ་དབྱེ་རིམ་དབྱེ་དང་། རིགས་དབྱེ་དུས་དབྱེའི་སྒོ་ནས་ཆ་རྐྱེན་འཛོམས་རིགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་བྱེད་དགོས”ཞེས་པ་འདི་ནི་ཏང་ཀྲུང་དབྱང་གིས་དུས་གནས་རྟོགས་དཔྱོད་ཀྱིས་ཧུའུ་པེར་བཏོན་པའི་ཚན་རིག་དང་མཐུན་པའི་ཐབས་ཇུས་ཤིག་རེད་ལ། ས་ཁུལ་གཞན་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་རྒྱུར་བཀོད་སྒྲིག་ཞིབ་ཚགས་བྱས་པ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
     “ཅོན་ཁྲེང་རྫོང་ལ་མིག་སྔའི་བར་གཏན་འཁེལ་དང་དོགས་ཡོད་ནད་དཔེ་གཅིག་ཀྱང་ཐོན་མེད་པས། གཞི་ཁྱོན་ཡན་གྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཚད་100%ཟིན་ཡོད། ཡིན་ནའང་སྔར་བཞིན་བག་མེད་དང་ལྷོད་གཡེང་གཏན་ནས་མི་བྱེད་པར། སླད་ཕྱིན་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་སྦྲེལ་སྤྱི་སྤྱོད་འགྲིམ་འགྲུལ་དང་། གྲོང་ཁུལ་སྤྱི་སྤྱོད་འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ། ཞིང་ཆེན་ནང་ཁུལ་ལམ་ཐིག་གི་དུས་གཏན་འཁོར་རིགས་སོགས་ཀྱི་སྤྱི་པའི་འགྲིམ་འགྲུལ་ལས་གཉེར་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་ཡོང་ཆེད་འདེགས་སྐྱོར་བྱེད་རྒྱུ་ཡིན”ཞེས་ཀྲང་ལུན་གྱིས་བརྗོད་པ་རེད།
     རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ནས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཐུབ་པ་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཆུང་ཤོས་སུ་བཏང་བ་རེད།
     ཚ་བ་ལྟ་བ་དང་ཐོ་བཀོད་རྗེས། ཀྲེ་ཅང་ཧུང་ཧྲེང་ཡོན་རླངས་འཁོར་མཁོ་ཆས་ཚད་ཡོད་ཀུང་སིར་སྐྱོད་སྐབས། དེ་ཁུལ་དུ་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་གྲགས་པ་དང་། ལས་བཟོ་ཚོ་གོ་རིམ་ལྡན་པའི་ངང་ལས་ལ་བྲེལ་བཞིན་ཡོད་པ་མཐོང་རྒྱུ་འདུག ཁེ་ལས་ཀྱི་ཐོན་ནུས་ཚང་མ་སླར་གསོ་ཐུབ་ནས། ཉིན་ལྟར་རླངས་འཁོར་ནང་སྤྱོད་པའི་རྐང་གདན་ཆ་ཁྲི་2ཐོན་སྐྱེད་ཐུབ་ཀྱི་ཡོད་པ་རེད།
     ཏུང་ཧྲི་ཀྲང་ཝང་ཝུའེ་པིང་གིས“དམིགས་བསལ་གྱི་དུས་སྐབས་སུ། ཁེ་ལས་རང་ངོས་ནས་ཐག་གཅོད་དཀའ་བའི་གནད་དོན་ཁ་ཤས་སྲིད་གཞུང་གིས་མཐུན་སྦྱོར་དང་སེལ་རོགས་བྱེད་དགོས། ཉེ་དུས་ཐན་ཐའེ་རྫོང་སྲིད་གཞུང་གིས་ལས་མི་གསར་པ་15བསྡུ་རོགས་བྱས་པ་བརྒྱུད། ང་ཚོའི་ལས་མི་དཀོན་པའི་དཀའ་གནད་ནུས་ལྡན་བསལ་བ་དང་ཁེ་ལས་སྔ་སྣུར་དུ་ཐོན་སྐྱེད་སླར་གསོ་ཐུབ་པས། འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་སོང་། ང་ཚོར་དེ་སྔ་མངགས་ཐོ་58རག་པའི་ནང་ནས་1མི་གཞན་ལ་ཤོར་སོང”ཞེས་བརྗོད་པ་རེད།
     ཨན་ཧུའེ་ཞིང་ཆེན་ཧྥུའུ་ནན་རྫོང་ཅའོ་པོ་གྲོང་རྡལ་ཞུས་ཕིང་གྲོང་ཚོར་ཞིང་ཁ་སྔོ་ཐིང་ཐིང་དུ་གྱུར་པ་དང་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་ཡོད་ཅིང་། ཡུལ་མི་མི་ཉུང་བ་ཞིག་མུའུ་ཆིག་སྟོང་ཟིན་པའི་མེ་ཏོག་རྟེན་གཞིར་ལས་ལ་བྲེལ་བཞིན་འདུག
     “གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆོད་སེམས་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་མི་སྲིད”ཅེས་ཞུས་ཕིང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཁྲེན་ཡའོ་ཀོང་གིས་བརྗོད་པ་དང་། ཁོང་གིས་ཞིང་ཁའི་ནང་ལོ་ཏོག་སྐྱེ་འཚར་ཡག་པོ་ཡོད་པ་མ་ཟད། གྲོང་ཚོའི་འཚེམ་འཁོར་གྱི་སྒྲོམ་བཟོ་གྲྭ་ཐོན་སྐྱེད་སླར་གསོ་བྱེད་འགོ་ཚུགས་ནས་ཕྱིར་གླ་པ་རྒྱུག་མཁན་85%ཙམ་ལས་གནས་སུ་ལོག་པ་དང་། ཉེ་འཁོར་ཁེ་ལས་ཀྱིས་ལས་མི་བསྡུ་བའི་ལས་གནས་120མཁོ་འདོན་བྱས་ཡོད། གཞན་ཡང་། ད་དུང་འདི་ལོ་ཞིང་པར་ལས་ཞུགས་འབབ་འཕར་གྱི“རྣམ་གྲངས་ཆེན་པོ”ཁ་ཤས་ཡོད་ཅེས་བརྗོད་པ་རེད།