འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་13ཉིན།

༄༅༎མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་དང་། ཡང་འབད་བསྐྱར་འབད། དཔའ་ངར་ཆེན་པོས་འབད་འཐབ་བཅས་བྱེད་དགོས།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ཡིད་ཆེས་བརྟན་དུ་ཕྱིན་པ་དང་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་13ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་10ཉིན་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས། རིམས་ནད་སྔོན་འགོག་ཚོད་འཛིན་དེ་མིག་སྔའི་དོན་ཆེན་ཨང་དང་པོ་དང་ལས་འགན་གལ་ཆེ་ཤོས་ཤིག་ལ་མུ་མཐུད་བརྩིས་ཏེ་སྣང་མེད་དུ་གཏན་ནས་མི་གཏོང་བ་དང་། དམག་འཐབ་ལ་སུན་སྣང་མི་བྱེད་པ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ནས་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ངར་ཤུགས་དང་ཡིད་ཆེས་འཕེལ་བས། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་དང་ཡང་འབད་བསྐྱར་འབད་བྱས་ནས་རིམས་ནད་འགོག་རྒོལ་ལ་མཐའ་མའི་རྒྱལ་ཁ་མ་ཐོབ་བར་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
     “ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་ཧོ་ཧྲེན་ཧྲན་སྨན་ཁང་དུ་ཕེབས་ཏེ་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བས། ང་ཚོའི་ངར་ཤུགས་ཆེ་རུ་ཕྱིན་སོང”ཞེས་ཧོ་ཧྲེན་ཧྲན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ལིའུ་པིང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་ཐོག་མཐའ་བར་གསུམ་དུ་རྒྱུན་མཐུད་དམག་འཐབ་ཀྱི་གདོང་མཆོང་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་། རྦད་དེ་རྒྱལ་ཁ་མ་ཐོབ་བར་དམག་མཚམས་མི་འཇོག་པའི་བསམ་བློ་བརྟན་པོ་འཛུགས་པ། ཚན་ཞིབ་དང་ནད་ཐོག་སྨན་བཅོས་མཉམ་སྒུལ་དང་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ནད་པ་དང་དེ་བཞིན་ཁོང་ཚོའི་ནང་མིར་སེམས་གསོ་གཏོང་བར་ཤུགས་སྣོན་རྒྱག་པ། ཨམ་གཙིགས་བསྡམས་ནས་མཐའ་འཁྱོལ་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཧོ་ཧྲེན་ཧྲན་སྨན་ཁང་གི་ནད་གཞི་ཚབས་ཆེའི་གསོ་རིག་ཚན་ཁག་གཉིས་པའི་སྨན་གཡོག་དཔོན་ལུའོ་ཧྲུའུ་ཕིང་གིས་ནད་གཞི་ཚབས་ཆེའི་གསོ་རིག་ལས་དོན་བྱས་ནས་ཡུན་རིང་པོ་འགྲོ་ཡི་ཡོད། རིམས་ནད་ཐོན་རྗེས་ཁོང་གིས་འཕྲལ་མར་དམག་འཐབ་ཞུ་ཡིག་ཕུལ་ཡོད། ལུའོ་ཧྲུའུ་ཕིང་གིས་རང་ཉིད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྨན་བཅོས་ནད་སྐྱོང་མི་སྣར་ཐུགས་ཁུར་གནང་ལུགས་ཚན་ཁག་གི་མི་ཚང་མར་བརྒྱུད་བསྒྲགས་བྱས་ཏེ། མངགས་བཅོལ་དེ་ཉིད་སྒུལ་ཤུགས་སུ་འགྱུར་བ་བྱས་ནས་ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་རྒྱུ་དང་རང་ནུས་ཡོད་རྒུ་བཏོན་ནས་ནད་པ་མི་རེ་ངོ་རེའི་ཚེ་སྲོག་སྐྱོབ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཀོང་ཤིས་ཀྱི་མདུན་ཕྱོགས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སྨན་བཅོས་རུ་ཁག་གི་སྣེ་འཁྲིད་པ་ལི་ཅུན་ཅུན་གྱིས་ང་ཚོའི་རུ་མི་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ་དང་། ལྷོད་གཡེང་དང་། སྣང་མེད། ཧོལ་རྒྱུག་བཅས་གཏན་ནས་མི་གཏོང་བར་འགན་འཁྲི་ཏན་ཏིག་འཁུར་ཏེ་འཐབ་ས་བརྟན་པོ་སྲུང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     “གོམ་སྟབས་རྗེས་མར་ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་ཀྱི་འགག་རྩ་གཉིས་དམ་པོར་བཟུང་སྟེ། ཕྱོགས་གཅིག་ནས་འགག་སྒོ་མདུན་དུ་སྤོས་ཏེ་སྨན་བཅོས་རུ་ཁག་གི་ཆེད་ལས་ལེགས་ཆ་བཏོན་ནས་གཞི་རིམ་དང་ལྷག་པར་དུ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛུབ་ཁྲིད་ལས་དོན་རང་འགུལ་ངང་ཡག་པོ་སྒྲུབ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མུ་མཐུད་གཅིག་སྡུད་བྱས་ཏེ་གནད་སྨིན་སྨན་བཅོས་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་དྲག་སྐྱེད་ཡོང་ཚད་མཐོ་རུ་དང་། ན་ཚད་དང་འཆི་ཚད་དམའ་རུ་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་ཧུའུ་པེའི་རིམས་ནད་འགོག་རྒོལ་ལ་རོགས་སྐྱོར་བྱེད་མཁན་ཧྲན་ཤིས་ཞིང་ཆེན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཧྲན་ཤིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྥུང་ལི་ཀྲུང་གིས་དེ་ལྟར་བརྗོད་པ་རེད།
     རྒྱུན་བསྲིང་ལྷོད་མེད་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་སྡེ་ཁུལ་ལ་ཐུག་ཡོད། ཝུའུ་ཧན་ཏུང་ཧུའུ་གྲོང་གསར་དུ་སྡེ་ཁུལ་གྱི་ལས་དོན་པས་བཀག་སྡོམ་རྣམ་པའི་དོ་དམ་ཚོད་འཛིན་དང་དྲ་མིག་ཅན་གྱི་དོ་དམ་བྱས་པས། སྡེ་ཁུལ་དུ་ཟླ་ཕྱེད་ལྷག་ཙམ་རིང་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་ཐོན་མེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཐའོ་ཅིའུ་ཏི་ཡིས་ས་གནས་ས་ཐོག་ནས་ཉན་རྗེས་མྱོང་ཚོར་ཟབ་མོས“ང་ཚོས་མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཀྱི་སྡེ་ཁུལ་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས་མང་ཚོགས་ཀྱི་ལས་དོན་ཞིབ་ཚགས་གཏིང་ཟབ་ངང་སྒྲུབ་པ་དང་ཆབས་ཅིག་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱས་ཏེ་གྲོང་མི་རྣམས་ཁྱིམ་དུ་བློ་བདེ་པོ་ཡོང་བ་བྱེད་དགོས”ཞེས་བརྗོད་པ་རེད།
     ཉིན་དེ་དག་རིང་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི“ཉིས་སྟོང་ནང་སྐྱེས”སློབ་ཆེན་སློབ་མ་ཞེ་ཞའོ་གཡུས་ཀྱིས་ཁྱིམ་ནས་དྲ་ཐོག་སློབ་ཚན་ཉན་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མ་གཞི་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་སློབ་མར་སེམས་གསོ་གཏོང་གི་ཡོད་ཀྱང་། རིམས་ནད་ཀྱིས་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པས་སློབ་མ་དང་ཁྱིམ་བདག་མང་པོ་ཞིག་ལ་སེམས་ཁྲལ་བྱུང་ཡོད།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཧན་མི་དམངས་ལ་སེམས་ཁུར་གནང་བས་ང་ཚོ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱུང་། ད་ཆ་ཁྱིམ་དུ་དྲ་ཐོག་སློབ་ཚན་ནན་ཏན་ཉན་པ་ཕུད། ངས་ད་དུང་སྡེ་ཁུལ་གྱི་དང་བླངས་པའི་ལས་ཀར་ཞུགས་ཏེ་ཉེ་འཁོར་གྲོང་མིར་སྔོ་ཚལ་སྣ་ཚོགས་སྒོ་རྩར་སྐྱེལ་བར་འགྲོ་ཡི་ཡོད། དམིགས་བསལ་དུས་སྐབས་འདིར་ངས་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ཏེ་མི་སྔར་ལས་མང་བར་ཞབས་འདེགས་ཞུ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཞེ་ཞའོ་གཡུས་ཀྱིས་དེ་ལྟར་བརྗོད་པ་རེད།
     སྨན་རྫས་ཁག་གཅིག་ལས་ནད་ཐོག་སྨན་བཅོས་ཀྱི་ཕན་འབྲས་རགས་ཙམ་ཐོན་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་བྱས་པ་ལས་ཕན་འབྲས་ཐོན་པ་སོགས་རིམས་ནད་འགོག་རྒོལ་བྱེད་རིང་ཕན་ནུས་ལྡན་པའི་སྨན་རྫས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཚོན་ཆ་ཡག་ཤོས་ཤིག་རེད།
     ཉིན་ཤས་རིང་དམག་དོན་ཚན་རིག་ཁང་དམག་དོན་གསོ་རིག་ཞིབ་འཇུག་ཁང་གི་རིམས་ནད་ཚབས་ཆེན་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་སྨན་རྫས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲུང་ཝུའུ་དང་ལས་རོགས་ཚོས་ཏོག་གསར་གློ་ཚད་ཀྱི་སྨན་རྫས་ཞིབ་བཟོ་བྱས་ཤིང་། “རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་ངེས་པར་དུ་དུས་ཚོད་དམ་འཛིན་བྱེད་དགོས་པ་དང་། ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་སྨན་རྫས་ཐོན་སྐྱེད་དང་མཁོ་སྤྲོད་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་དགོས། གོམ་སྟབས་རྗེས་མར་ང་ཚོས་མཉམ་ལས་ལམ་སྲོལ་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་ཕྱོགས་ཁག་གི་ཚན་ཞིབ་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་སྨན་རྫས་ཞིབ་བཟོའི་ཚད་བརྒལ་གསར་པ་གང་མགྱོགས་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཀྲུང་ཝུའུ་ཡིས་བརྗོད།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བར་བྱེད་པར་གཙོ་བོ“སྔོན་འགོག”ལ་ཐུག་ཡོད། “དེང་སྐབས་གལ་ཆེ་ཤོས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ་དེ་རེད”ཅེས་ཐེན་ཅིན་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་དབྱིང་གིས་བཤད། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་པ་ཞིག་གི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། དུས་འགོའི་སྔོན་འགོག་ལས་དོན་གྱི་གྲུབ་འབྲས་དང་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་ཧྲིལ་པོའི་ཁྲོད་གནས་པའི་ཞན་ཆ་དག་གསེད་དཀྲོལ་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་ཞེས་བརྗོད་པ་རེད།
     ཟླ་3ཚེས་10ཉིན་ཧུའུ་པེ་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམས་ནད་ཀྱི་ཉེན་ཁའི་རིམ་པ་གཞིར་བཟུང་། ཧྲི་ཡན་གྲོང་ཁྱེར་གྱི་རྫོང་དང་གྲོང་ཁྱེར་ཚང་མ་ཉེན་ཁ་འབྲིང་བ་དང་ཆུང་བའི་ནང་བཅུག་ཡོད། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ཁྲེན་ཤིན་ཝུའུ་ཡིས་ཧྲེ་ཡན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡང་སྔར་བཞིན་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་མཇུག་བསྡུ་བའི་དུས་སུའང་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱེད་པ་དང་། “ནང་དུ་མ་ཁྱབ་པ་དང་ཕྱི་ནས་མ་འགོས་པ”བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད།