འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་12ཉིན།

༄༅།།སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་སྔོན་ཇུས་བཟོས་ཏེ་ས་ཁོངས་ཕྱི་ནང་གི་འབུ་ཆ་ག་པའི་ཉེན་ཁར་ཁ་གཏད་གཅོག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་12ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའུ་དང་། འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་བཅས་སྡེ་ཚན་གསུམ་གྱིས། ཉེ་ཆར། 《བྱེ་ཐང་གི་འབུ་ཆ་ག་པ་དང་རྒྱལ་ནང་གི་འབུ་ཆ་ག་པའི་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་གྱི་སྔོན་ཇུས》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ནས། ས་གནས་ཁག་གིས་ས་ཁོངས་ཕྱི་རོལ་གྱི་བྱེ་ཐང་གི་འབུ་ཆ་ག་པའི་གནོད་འཚེ་ནན་འགོག་བྱས་ཏེ་མུ་མཐུད་རྒྱལ་ནང་གི་འབུ་ཆ་ག་པ་འགོག་བཅོས་ཡག་པོ་དང་། ལྟ་ཞིབ་ཚད་འཇལ་གྱི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན། འབུ་ཆ་ག་པའི་གནོད་འཚེའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བཅས་བྱས་ནས་ས་ཁོངས་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    སྔོན་ཇུས་ནང་། འདི་ལོ་ནས་བཟུང་། ཨ་ཧྥེ་རི་ཁའི་ཤར་རྒྱུད་དང་ཨེ་ཤེ་ཡ་ལྷོ་ནུབ་རྒྱུད་དུ་བྱེ་ཐང་གི་འབུ་ཆ་ག་པ་ཐོན་ནས་ཡུལ་དེའི་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ཐད་ཉེན་ཁ་ཚབས་ཆེན་བཟོས་པས། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་འབུ་ཆ་ག་པའི་གནོད་འཚེའི་ཉེན་བརྡ་བཏང་བ་རེད། མ་གཞི་རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་ཏེ། བྱེ་ཐང་གི་འབུ་ཆ་ག་པ་རང་རྒྱལ་དུ་འཕུར་བའི་ཉེན་ཁ་ཧ་ཅང་ཆུང་མོད། འོན་ཀྱང་མཐའ་ཚད་ཀྱི་བསམ་ཕྱོགས་དང་ཉེན་ཁའི་འདུ་ཤེས་ནས་འགོ་བཙུགས་ཏེ་ས་ཁོངས་ཕྱི་ནང་གི་འབུ་ཆ་ག་པ་འགོག་བཅོས་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་ཞེས་བཏོན་པ་རེད།
    ཕྱི་རྒྱལ་གྱི་བྱེ་ཐང་གི་འབུ་ཆ་ག་པ་ལྟ་ཞིབ་ཚད་འཇལ་དང་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་ཇུས་ནང་ཡུན་ནན་དང་། བོད་ལྗོངས། ཤིན་ཅང་སོགས་སུ་འཕུར་སྲིད་པའི་ཁུལ་དུ་ལྟ་ཞིབ་ཚད་འཇལ་བྱས་ཏེ་དུས་ཐོག་ཏུ་སྔོན་བརྡ་གཏོང་དགོས་པ་དང་། འཕུར་སྲིད་པའི་ཉེན་ཁ་གཞིར་བཟུང་འཕྲལ་སྡོམ་འགོག་བཅོས་ལས་འགན་བཀོད་སྒྲིག་བྱས་ཏེ། ཆེད་ལས་འགོག་བཅོས་དཔུང་ཁག་བཙུགས་ནས་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་གྲབས་གསོག་བྱེད་དགོས་པ། ཞིང་ལས་གྲོང་གསེབ་དང་། འགག་སྒོ་ལས་ཁུངས། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་བཅས་ཀྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ལ་གཞིགས་ཏེ་ཞིང་ཁུལ་དང་། འགག་སྒོ ནགས་ཚལ་དང་རྩྭ་ཐང་བཅས་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་ཡག་པོ་བསྒྲུབ་ནས། བྱེ་ཐང་གི་འབུ་ཆ་ག་པ་འགོག་བཅོས་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱེད་པ་དང་། ཆ་འཕྲིན་སྤེལ་རེས་ལམ་སྲོལ་བཟོས་ཏེ་སྔ་སྣུར་ནས་རང་རྒྱལ་དུ་འཕུར་སྲིད་པའི་གནད་དོན་བརྡར་ཤ་གཅོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
    རྒྱལ་ནང་གི་ཞིང་ཁུལ་དུ་འབུ་ཆ་ག་པ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་ཇུས་ནང་། རྒྱལ་ནང་གི་འབུ་ཆ་ག་པའི་གནས་ཚུལ་གྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ཐོན་སྲིད་པའི་ཚད་གཞི་འབྲིང་རིམ་དང་ཚབས་ཆེ་བར་གཞིགས་ཏེ་འགོག་བཅོས་གྲ་སྒྲིག་གི་རིམ་པ་མཐོ་རུ་བཏང་ནས། ཐོན་མང་བའི་ཁུལ་དུ་རྫས་འགྱུར་འཕྲལ་སྡོམ་འགོག་བཅོས་བྱེད་པ་དང་ཐོན་ཚད་འབྲིང་དམའི་ཁུལ་དུ་སྐྱེ་དངོས་འགོག་བཅོས་དང་སྣོད་བཅུད་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་བཏོན་ཡོད་པ་རེད།
    རྒྱལ་ནང་གི་རྩྭ་ཐང་དུ་འབུ་ཆ་ག་པ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་ཇུས་ནང་། ནང་སོག་དང་། ཤིན་ཅང་། སི་ཁྲོན་སོགས་རྒྱལ་ནང་གི་རྩྭ་ཐང་གཙོ་བོའི་འབུ་ཆ་ག་པའི་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་འགོག་བཅོས་དངོས་རྫས་གྲ་སྒྲིག་ཡག་པོ་བྱས་ནས། འཕྲལ་སྡོམ་དང་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་ཧ་དང་ཀྲུང་མོང་མཐའ་མཚམས་ཀྱི་འབུ་ཆ་ག་པ་ལྟ་ཞིབ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་འཕུར་ཁུལ་དུ་འགོག་བཅོས་གྲ་སྒྲིག་ལས་དོན་ཡག་པོ་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད།