འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་11ཉིན།

༄༅།།འབྲི་གཡག་ཐོན་ལས་རིམ་སྤོར་ལས་སི་ཁྲོན་བོད་རིགས་ས་ཁུལ་ མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་11ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་མག་སར་གྲོང་ཚོའི་གྲོང་མི་སྒྲོལ་མ་ཞོགས་པ་སྔ་པོ་ནས་ཧུང་ཡོན་འབྲི་གཡག་དཀར་ཆུའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་སླེབས་ཡོད། གཟུགས་པོར་དུག་སེལ་དང་སྦྲགས་འགོག་སྲུང་གྱོན་ཆས་གྱོན་ནས་འཁོར་ཁང་ནང་འཛུལ་ཏེ། འབྲི་གཡག་གི་འོ་རྩམ་ཐུམ་སྒྲིལ་ལ་གཞོལ། 2014ལོ་ནས་ཁེ་ལས་དེར་ལས་ཀ་བྱས་པ་དང་ཟླ་རེར་གླ་ཆ་སྒོར་2000ཙམ་ལེན་རྒྱུ་ཡོད་པའི་ཐོག་རང་ཁྱིམ་གྱི་འོ་མ་བཙོངས་པའི་ཡོང་འབབ་ཡོད་པས། ཁོང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད།
    ཧུང་ཡོན་འབྲི་གཡག་དཀར་ཆུ་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་གསར་འགོད་པར། ཀུང་སིས་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་། ཝུའུ་ཧན་གྱི་འབྲེལ་ཡོད་སྨན་ཁང་བཅས་ལ་ཧུང་ཡོན་གྱི་འོ་རྩམ་སྒམ་114248ཞལ་འདེབས་རྒྱག་རྒྱུའི་འཆར་གཞི་ཡོད་པས། ཉིན་དེ་དག་ནང་ལས་མི་སྒྲིག་འཛུགས་བྱས་ཏེ་ལས་དུས་འཕར་མ་བྱས་ནས་འོ་མ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།
    “ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་པ་བརྒྱུད་ས་གནས་དེ་གའི་མི་500ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད། ང་ཚོས་ད་དུང་འབྲོག་པའི་ཁེ་ཕན་དང་འབྲེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་རྔ་པ་ཀྲོའུ་ཡི་ཧུང་ཡོན་རྫོང་དང་མཛོད་དགེ་རྫོང་དང་། དེ་བཞིན་དཀར་མཛེས་ཀྲོའུ་ལི་ཐང་རྫོང་སོགས་ཀྱི་འབྲོག་དུད་ཁྲི་2ཙམ་དང་གན་རྒྱ་བཞག་ནས་དུད་ཚང་དབུལ་པོ་350འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད”ཅེས་ཕུན་ཚོགས་བཀྲ་ཤིས་ཀྱིས་བཤད།
    ད་ཕན་ལོ་ཤས་རིང་སི་ཁྲོན་བོད་རིགས་ས་ཁུལ་འབྲི་གཡག་ཐོན་ལས་ཀྱིས་འབྲི་གཡག་དཀར་ཆུའི་ཐོན་ལས་འཕེལ་རྒྱས་བཏང་ནས། ཕྱོགས་སྒྱུར་རིམ་སྤོར་རིམ་གྱིས་མངོན་འགྱུར་ཡོང་བ་བྱས་པར་བརྟེན། བོད་རིགས་ས་ཁུལ་གྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་ཡོད། འདི་ལོའི་ཟླ་2ཚེས་18ཉིན་སི་ཁྲོན་ཞིང་ཆེན་གྱི་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱིས་བོད་རིགས་ས་ཁུལ་ཚང་མ་དབུལ་ཞྭ་ཕུད་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།