འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་6ཉིན།

༄༅།། བོད་རིགས་བུ་མོའི་"དྲ་ཐོག་"གི་དགེ་སློབ་ལས་འབྲེལ། ད་ནས་བཟུང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་
4500ཡི་གངས་རིར་འཛེགས་ནས་“དྲ་རྒྱ་”འཚོལ་མི་དགོས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་06ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།། བོད་རིགས་བུ་མོའི་"དྲ་ཐོག་"གི་དགེ་སློབ་ལས་འབྲེལ། ད་ནས་བཟུང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་
4500ཡི་གངས་རིར་འཛེགས་ནས་“དྲ་རྒྱ་”འཚོལ་མི་དགོས་པ།
     མི་དམངས་དྲ་བའི་འཕྲིན། ལོ་21ལ་སླེབས་པའི་བོད་རིགས་བུ་མོ་བཟོད་པ་བཟང་མོ་ད་ནས་བཟུང་ཆུ་ཚོད་གཉིས་རིང་གི་རི་ལམ་བརྒྱུད་དེ་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་སྨི་4500ཡན་གྱི་དྲོད་ཚད་ཧ་ཅང་དམའ་བའི་གངས་རིའི་ཐོག་འཛེགས་ནས། ནོར་ལུག་འཚོ་གྱིན་"དྲ་རྒྱ་བཙལ་ནས་"སློབ་ཚན་ཉན་མི་དགོས། དེས་ཐག་རིང་ཁྲང་ཧྲ་རུ་ཡོད་པའི་སློབ་འཁྲིད་དགེ་རྒན་དབྱི་ལི་བློ་བདེ་བར་འགྱུར་ཡོད་།
     བོད་ལྗོངས་ནས་ཡིན་པའི་བཟོད་པ་བཟང་མོ་ནི་ཧུའུ་ནན་བདེ་འཇགས་ལག་རྩལ་ལས་རིགས་སློབ་གླིང་གི་མེ་ཟོན་རོགས་སྐྱོབ་ལག་རྩལ་ཆེད་ལས་ཀྱི་2019ལོའི་སློབ་མ་ཞིག་རེད།  ཟླ་2ཚེས་17ཉིན་སློབ་གྲྭས་དྲ་ཐོག་སློབ་ཁྲིད་བྱེད་འགོ་མ་བཙུགས་གོང་། དབྱི་ལི་དང་བཟོད་པ་བཟང་མོའི་དབར་རྒྱུས་མངའ་མེད།
    “རིམས་ནད་ཀྱི་རྐྱེན་པས་སློབ་གྲྭས‘སློབ་ཚན་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི’དྲ་རྒྱའི་སློབ་ཁྲིད་འགོ་བརྩམས་པ་དང་། ངས་《ཉེར་སྤྱོད་རྩོམ་འབྲིའི་》སློབ་ཚན་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་ལས་འགན་འཁུར་བ་ཡིན། ཁོ་མོས་ངའི་སློབ་ཚན་བདམས་འདུག་པས་ང་ཚོ་དུས་དེ་ནས་བཟུང་དགེ་སློབ་སུ་གྱུར་བ་རེད།”ཅེས་དབྱི་ལིས་བཤད། བོད་ལྗོངས་ཀྱི་སློབ་མའི་རྒྱ་ཡིག་རྨང་གཞི་བལྟོས་བཅས་ཀྱིས་ཞན་ཙམ་ཡོད། དང་ཐོག་ཁོང་གིས་བཟོད་པ་བཟང་མོའི་སློབ་སྦྱོང་གི་མྱུར་ཚད་འགོར་ཙམ་ཡོད་པ་ཤེས་སྐབས་བརྡ་ཐོ་བཏང་ནས་དྲན་སྐུལ་བྱེད་པ་ལས་དོ་སྣང་དེ་ཙམ་ཆེན་པོ་བྱས་མེད།
     ཟླ་2ཚེས་24ཉིན། དབྱི་ལིས་སློབ་ཚན་འདེམས་མཁན་སློབ་མ་ཚོར་དུས་མཉམ་སློབ་ཚན་ཐད་གཏོང་བྱས་ནས་སློབ་སྦྱོང་བྱ་རྒྱུ་ཡིན་ཟེར་བའི་སྐབས། ཁོང་ལ་བཟོད་པ་བཟང་མོས་བསྐུར་བའི་འཕྲིན་ཐུང་ཞིག་འབྱོར། “ངས་ད་གཟོད་གཞི་ནས་བུ་མོ་དེའི་སློབ་སྦྱོང་ནི་ལས་སླ་པོ་ཞིག་མིན་པ་ཤེས་བྱུང་། གནམ་གཤིས་གྲང་ངར་ཆེ་བ་དང་གངས་འཁྱགས་ཀྱིས་བཀླུབས་པའི་རྐྱེན་གྱིས། ཁོང་གི་ཁྱིམ་གནས་སའི་དྲ་རྒྱའི་བརྡ་རྟགས་ཡག་པོ་མེད་པ་མ་ཟད། རིམས་ནད་ཀྱི་དོ་དམ་ཚོད་འཛིན་ལས་ཤང་དང་རྫོང་དུ་ཕྱིན་ནས་དྲ་ཞུགས་བྱེད་པར་བསྐྱོད་མི་ཐུབ་པས་སློབ་ཚན་གྱི་རྗེས་སྙེག་ཆེད། ཁོང་གིས་ཉིན་ལྟར་ཆུ་ཚོད་གཉིས་ཙམ་བསྐྱོད་དེ་རི་མགོར་འཛེགས་ནས་བརྡ་རྟགས་ལེགས་ཙམ་ཡོད་ས་ནས་དྲ་ཐོག་ཏུ་བསྐུར་བའི་སློབ་སྦྱོང་གི་ཐོན་ཁུངས་ལ་ལྟ་ཡི་ཡོད། བཟོད་པ་བཟང་མོས་གནས་ཚུལ་འདི་རིགས་ཀྱི་རྐྱེན་ལས་ཐད་གཏོང་སློབ་ཁྲིད་ཀྱི་རྗེས་ཟིན་མི་ཐུབ་པའི་སེམས་ཁྲལ་བྱེད་ཀྱི་ཡོད།
    གླེང་མོལ་ཞིབ་ཕྲ་བྱས་པ་བརྒྱུད། དབྱི་ལིས་ཁྱིམ་འབྲོག་ཁུལ་དུ་ཡོད་པའི་བཟོད་པ་བཟང་མོས་ཉིན་ལྟར་རང་ཁྱིམ་གྱི་ནོར་ལུག་འཚོ་དགོས་པ་ཤེས་རྟོགས་བྱུང་། སློབ་སྦྱོང་ལ་འཐུས་ཤོར་མི་ཡོང་ཆེད། ཁོང་གིས་ངེས་པར་དུ་ནོར་ལུག་དེད་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་རི་སྟེང་དུ་བསྐྱོད་དེ་ནོར་ལུག་འཚོ་ཞོར་དུ་གྲང་ཟུག་རྒྱག་པའི་རྡོ་ཐོག་ཏུ་བསྡད་ནས་སློབ་སྦྱོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
    “ངས་བློ་བརྟན་འགྱུར་མེད་ངང་སློབ་སྦྱོང་ནན་ཏན་བྱེད་མཁན་བུ་མོ་ཆུང་ཆུང་དེར་བྱ་བ་གང་ཞིག་བསྒྲུབས་ནས་རང་ནུས་གང་ཐུབ་ཀྱིས་རོགས་རམ་བྱེད་དགོས་བསམ། ”དེའི་ཆེད་དབྱི་ལིས་ཐད་གཏོང་གི་ནང་དོན་ཚང་མ་བརྙན་འབེབས་བྱས་ནས་བཟོད་པ་བཟང་མོར་བསྐུར་བ་མ་ཟད། ཁོང་གི་གནས་ཚུལ་གྲོགས་ཚོམས་ནང་བསྐུར་ནས་རོགས་སྐྱོར་ཞུས་པ་རེད།  གྲོགས་པོའི་གྲོས་འགོ་བཞིན། དབྱི་ལིས་དཔོད་ཆུང་གི་རྩིས་ཐོའི་ཨང་གྲངས་ཐོ་འགོད་བྱས་ནས་བཟོད་པ་བཟང་མོར་འཕྲད་པའི་དཀའ་ངལ་བརྗོད་པ་མ་ཟད། ད་དུང་ “ཀྲུང་གོ་ལྕགས་སྒྲོམ་"ལའང་བརྡ་བཏང་ཡོད་པ་རེད།
     ཉིན་དེའི་ཕྱི་དྲོ་ཀྲུང་གོ་ལྕགས་སྒྲོམ་གྱི་ལས་དོན་མི་སྣ་དང་གྲོང་ཚོའི་ལས་བྱེད་པ་བཟོད་པ་བཟང་མོའི་ཁྱིམ་དུ་སླེབས་ནས། དྲ་རྒྱའི་བརྡ་རྟགས་ཀྱི་གནད་དོན་བདེ་བླག་ངང་ཐག་གཅོད་བྱས་པ་མ་ཟད། ད་དུང་ལྕགས་སྨྱུག་དང་ཟིན་བྲིས་དེབ་སོགས་ཡིག་ཆས་ཀྱང་སྤྲད་པ་རེད།   ཞིབ་ཚགས་ཆེ་བའི་དབྱི་ལིས་ཀྱང་ཕྲུ་གུའི་ལག་ཐོགས་ཁ་པར་ནང་དངུལ་བླུགས་ནས་བཞུར་ཚད་ཉོས་ཏེ། འབྱུང་འགྱུར་གྱི་སེམས་ཁྲལ་ཐག་གཅོད་བྱས་པ་རེད།