འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་5ཉིན།

༄༅༎ཀན་ལྷོའི་རྩྭ་ཐང་སྟེང་གི་རྟ་ཐོག་རིམས་འགོག་རུ་ཁག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་05ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     “ཡུལ་མི་ཚོ་ལས་ཀ་མེད་ན་ཕྱིར་མ་འགྲོ་རོགས། འགྲོ་འོང་མ་བྱེད་རོགས། ཁ་རས་རྒྱག་པ་དང་། ལག་པ་ཡང་ཡང་འཁྲུ་བ། རླུང་འགྲོ་ཡག་པོ་ཡོང་བ་བྱེད་རོགས”ཞེས་སྒྲ་དུང་ནས་གྲགས་པའི་སྐད་ཆ་དག་ཡངས་པའི་རྩྭ་ཐང་ཀུན་ཏུ་ཁྱབ།
     དེ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མ་ཤང་སྟོད་མ་གྲོང་ཚོའི་རྟ་ཐོག་དྲིལ་བསྒྲགས་རུ་ཁག་ཡིན་པ་དང་། ཁོང་ཚོས་མང་ཚོགས་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།
     མཛོད་དགེ་སྟོད་མ་ཤང་ནི་གཙོས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་ཤང་གཅིག་པུ་དེ་ཡིན། དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ལྷག་ཙམ་ཟིན་པ་དང་ས་རྒྱ་ཆེ་ཞིང་མི་ཉུང་བ་མ་ཟད། འབྲོག་པ་མང་ཚོགས་ཐར་ཐོར་དུ་གནས་པ་དང་དགུན་དུས་འབྲོག་ར་ཁག་གཅིག་ལ་འཕྲིན་གཏོང་བརྟན་པོ་མེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དུས་ཐོག་ཏུ་མང་ཚོགས་ཀྱིས་ཤེས་པ་དང་རང་ངོས་སྲུང་སྐྱོང་ཡག་པོ་ཐུབ་པར་བྱ་ཆེད། ཤང་གིས་འབྲོག་པ་དང་བླངས་པ་སྐུལ་སློང་བྱས་ཤིང་། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ། མི་དམངས་ཉེན་རྟོག་པ་བཅས་སྒྲིག་འཛུགས་བྱས་ནས་རྟ་ཐོག་དྲིལ་བསྒྲགས་རུ་ཁག་བཙུགས་ཏེ་ཐག་རིང་གི་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་སྤེལ་བ་རེད། “དུད་ཚང་ཁག་གཅིག་ཐག་རིང་དུ་ཐར་ཐོར་ངང་གནས་ཏེ་རླངས་འཁོར་བསྐྱོད་ཐབས་བྲལ་བས། རྟ་བཞོན་ནས་མང་ཚོགས་ཀྱི་སྒོ་རྩར་བསྐྱོད་ནས་དྲིལ་བསྒྲགས་བྱས་ཚེ་ཕན་འབྲས་དེ་བས་ལེགས་པ་འདུག”ཅེས་མཛོད་དགེ་སྟོད་མ་ཤང་སྟོད་མ་གྲོང་ཚོའི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་རུ་མི་ལྷ་མོ་ཚེ་རིང་གིས་བཤད།
     ཉིན་ཤས་རིང་དྲིལ་བསྒྲགས་རུ་ཁག་གིས་སྒྲ་དུང་འཁྱེར་ཏེ་བོད་སྐད་དང་རྒྱ་སྐད་གཉིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཡང་ཡང་བྱས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་འབྲོག་ཁུལ་དུ་ཁྱབ་ཅིང་། དེ་དང་དུས་མཚུངས་ཁོང་ཚོས་ཐག་རིང་གྲོང་ཚོའི“འོས་འགན་སྦྲག་སྐྱེལ་པ”བྱས་ཏེ་མང་ཚོགས་ཚོར་ཁ་རས་དང་དུག་སེལ་གཤེར་ཁུ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཁོ་ཆས་དང་འཚོ་བའི་དངོས་ཟོག་བསྐྱལ་བ་རེད།
     “རྟ་ཐོག་དྲིལ་བསྒྲགས་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། ང་ཚོར་འགོག་སྲུང་དངོས་ཟོག་ཀྱང་བསྐྱལ་བྱུང”ཞེས་སྟོད་མ་གྲོང་ཚོའི་གྲོང་མི་སྐལ་བཟང་རྒྱལ་གྱིས་བཤད། ད་ཆ་གཙོས་གྲོང་ཁྱེར་གྱི་མཛོད་དགེ་སྟོད་མ་ཤང་གི་གྲོང་ཚོ་ཁག་ཏུ་སྐོར་སྐྱོད་དྲིལ་བསྒྲགས་རུ་ཁག་ཡོད་པ་དང་། ཁོང་ཚོས་ཡངས་པའི་རྩྭ་ཐང་ཐོག་གི་འབྲོག་པ་ཚོར་རིམས་འགོག་ཤེས་བྱ་དང་རིམས་འགོག་དངོས་ཟོག་སྐྱེལ་གྱི་ཡོད་པ་རེད།
     རིམས་ནད་ཐོན་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཏང་སྲིད་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཚང་མ་ལས་གནས་ཐོག་ཞུགས་ནས་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད། “ཀྲི་པུའུ་དང་དྲ་མིག་ཟུང་འབྲེལ”གྱི་དོ་དམ་རྣམ་པ་སྤྱད་དེ་ཀྲོའུ་ཡོངས་སུ་སྤྱི་ཚོགས་དོ་དམ་དྲ་མིག་2944རུ་ཕྱེ་སྟེ་དྲ་མིག་ཏང་ཀྲི་པུའུ་300དང་། དྲ་མིག་ཏང་གི་ཚོགས་ཆུང་2136བཙུགས་ནས་རྫོང་གྲོང་དང་། ཤང་གྲོང་དང་ཁྲོམ་གཞུང་། གྲོང་ཚོའི་སྡེ་ཁུལ་ཏང་རྩ་འཛུགས་བཅས་སུ་གཏོགས་ཁོངས་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་ཡོད།