མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སེ་·ག་ནེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་02ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་2ཚེས་28ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སེ་·ག་ནེར་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཧྲུའུ་ཅི་དང་པོ་ལོའར་དང་ཁྱེད་ཀྱིས་འཕྲལ་མ་ཉིད་དུ་ངོས་ལ་གློག་འཕྲིན་བཏང་ནས་འཚམས་འདྲི་གནང་བ་དང་། ཁྱེད་སྐུ་ངོ་མས་ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་ཕེབས་ནས་ཀྲུང་གོར་རྒྱབ་སྐྱོར་གནང་ལུགས་མཚོན་པར་གནང་ཡོད། དེ་ཐོག་ནས་ཀྲུང་གོ་དང་ཁུ་པ་དབར་གྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་མཚོན་ཡོད། ཁུ་པ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་ཀྱི་བསམ་འཆར་ལ་གཞིགས་ནས། རྒྱལ་ཁབ་གཉིས་པོའི་རྒྱུན་གཏན་སྤེལ་རེས་མཉམ་ལས་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྩི་བཀུར་དང་གཞོགས་འདེགས་བྱས་པ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་ཁྱེད་ཀྱིས་ཀྲུང་གོ་ཕྱོགས་ཀྱི་རིམས་འགོག་འབད་བརྩོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ང་རང་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས། ཁྱབ་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྤྱད་ཡོད། ང་ཚོས་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བྱེད་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་། ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། སྐྱོབ་བཅོས་གཅིག་སྡུད་བཅས་ཀྱི་སྐྱོབ་བཅོས་བླང་བྱ་བཏོན་ཏེ། སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ཚད་དང་ནད་གཞི་དྲག་སྐྱེད་ཐུབ་ཚད་གོང་མཐོར་གཏོང་བ་དང་། ནད་གཞི་འགོ་ཚད་དང་ནད་པ་འཆི་ཚད་ཉུང་དུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛིན་ནས་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆ་འཕྲིན་མཉམ་སྤྱོད་དང་། ཕྱོགས་ཁག་གི་དོ་ཁུར་ལ་ལན་ཧུར་ཐག་འདེབས་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་རིམས་ནད་འཛམ་གླིང་ཁྱོན་ཡོངས་སུ་མཆེད་རྒྱུ་སྔོན་འགོག་ཧུར་ཐག་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ལ་དཀའ་སྡུག་མང་པོ་འཕྲད་མྱོང་མེད། འོན་ཀྱང་དཀའ་སྡུག་གིས་རྐྱེན་པས་འགྱེལ་མྱོང་མེད། རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ནི་དུས་ཐུང་གི་ཤུགས་རྐྱེན་ཡིན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོའི་ནང་ལེགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་གཏོང་གིས་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་ཏན་ཏིག་དང་ཚགས་ཚུད་བྱས་པ་དང་ཆབས་ཅིག སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་པས་སླར་གསོ་ཡོང་བ་བྱས་ཐོག ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱེད་བཞིན་ཡོད། དེའི་ཐད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁུ་པ་ནི་ཕྱར་བ་གྲུ་འདེགས་དང་། སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྲོགས་པོ་ཡག་པོ་དང་། བློ་མཐུན་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན། ཀྲུང་གོ་དང་ཁུ་པ་དབར་གྱི་འབྲེལ་བར་དྲག་ཆར་རླུང་འཚུབ་ཀྱི་ཉམས་སད་ཐེག་ཐུབ་པ་བྱུང་ཡོད་པས་དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་གསོན་ཤུགས་ཀྱིས་ཁེངས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཏི་ཡ་སེ་·ག་ནེར་གྱིས། ཁུ་པ་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་བརྩོན་ལ་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཁུ་པའི་སྤྱི་དམངས་ལ་རོགས་རམ་དང་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ལ་རིམས་ནད་ཀྱི་འགྲན་སློང་ཛ་དྲག་པོ་འཕྲད་སྐབས། རྒྱལ་ཡོངས་གོང་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས། ནུས་ལྡན་གྱི་བྱ་ཐབས་གང་མྱུར་སྤྱད་པར་རིམ་བཞིན་ཕན་འབྲས་བཟང་པོ་ཐོན་བཞིན་ཡོད་པ་དེ་ཐོག་ནས་སྒྲིག་འཛུགས་སྐུལ་སློང་གི་ནུས་པ་ཆེན་པོ་མངོན་ཡོད་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་དུ་འཕགས་པའི་ལེགས་ཆ་ཡང་མངོན་ཡོད་ཅེས་གསུངས་པ་རེད།

  
style="display:none;"