མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕེ་ཉེ་ལཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་02ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་2ཚེས་28ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཆི་ལིའི་ཙུང་ཐུང་ཕེ་ཉེ་ལཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་ཐོན་པའི་ཁྱབ་མཆེད་མྱུར་ཚད་མགྱོགས་ཤོས་དང་། འགོ་ཁྱབ་ཆེ་ཤོས། སྔོན་འགོག་ཚོད་འཛིན་བྱེད་ཁག་ཤོས་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཞིག་རེད། རིམས་ནད་ཐོན་རྗེས་སུ་ང་རང་ངོ་མས་བཀོད་འདོམས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་ནས། ཁྱབ་ཆེ་ཤོས་དང་། ནན་ཤོས། མཐར་ཕྱིན་ཤོས་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་འདིར་རྒྱལ་ཁ་ལེན་ཐུབ་པའི་ཡིད་ཆེས་དང་། ནུས་པ། གདེང་ཚོད་བཅས་རྦད་དེ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་འགོག་དམག་འཁྲུག་དེའི་ཁྲོད་དུ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆ་འཕྲིན་མཉམ་སྤྱོད་བྱས་པ་མ་ཟད། ཕྱོགས་ཁག་གི་དོ་ཁུར་ལ་བརྡ་ལན་ཧུར་ཐག་སློག་ནས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག་འཛམ་གླིང་དུ་རིམས་ནད་མཆེད་རྒྱུར་སྔོན་འགོག་བྱས་ཡོད།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཐོག་དཀའ་ངལ་མང་པོ་འཕྲད་མྱོང་ཡོད་མོད། ཡིན་ནའང་དཔའ་གཏན་ནས་ཞུམ་མྱོང་མེད། རིམས་ནད་ལས་ཀྲུང་གོའི་དཔལ་འབྱོར་ལ་རྡབ་རྡེག་ཕོག་པ་ནི་གནས་སྐབས་ཡིན་པ་དང་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ་ཞིག་ཡིན་པས། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་རྩ་བའི་རྣམ་པར་འགྱུར་ལྡོག་ཕྱིན་མེད། ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ་དང་ཆབས་ཅིག སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་ཐོན་སྐྱེད་དང་འཚོ་བའི་གོ་རིམ་རིམ་བཞིན་སླར་གསོ་བྱས་ནས། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་སྒྲུབ་ཐུབ་པའི་འགན་ལེན་ཧུར་ཐག་བྱ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཆི་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་ཀྲུང་ལཱ་འབྲེལ་བའི་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད། ན་ནིང་སྐུ་ཞབས་ཙུང་ཐུང་ཀྲུང་གོར་འཚམས་འདྲི་ལེགས་གྲུབ་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། འདི་ལོ་ནི་ཀྲུང་ཆི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་། ང་ཚོས་དེ་གོ་སྐབས་སུ་བརྩིས་ནས་མཐོ་རིམ་དབར་གྱི་སྤེལ་རེས་དམ་ཟབ་བྱེད་ཚུལ་རྒྱུན་འཁྱོངས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་ཡག་པོ་གཉེར་ཐོག སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ཏེ། ཚོང་དོན་དང་། མ་འཇོག ཚན་རྩལ་གསར་གཏོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་བ་དང་ཆབས་ཅིག མུ་མཐུད་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཅན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱེད་པ་མ་ཟད། ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཡག་པོ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཡག་པ་གཏོད་དགོས།
     ཕེ་ཉེ་ལཱས་ཆི་ལི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་འཕྲད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད། ཕེ་ཉེ་ལཱས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་བཀོད་འདོམས་འོག ཀྲུང་གོ་ཕྱོགས་ཀྱིས་ཕན་འབྲས་ལྡན་པའི་ཁ་གཏད་གཅོག་པའི་བྱ་ཐབས་སྤྱད་པ་ལས་ནད་ཡམས་མཆེད་ཚུལ་ལ་རིམ་བཞིན་ཚོད་འཛིན་ཐུབ་པ་རེད་ཅེས་གསུངས།

  
style="display:none;"