མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རྒྱལ་ཁབ་ཀྱི་འཕྲལ་སྡོམ་ལས་སྟེཌ་སུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་01ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་ཏོག་གསར་གློ་ཚད་ཀྱི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རྒྱལ་ཁབ་ཀྱི་འཕྲལ་སྡོམ་ལས་སྟེགས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། མིག་སྔའི་དགོས་གཏུགས་ཆེ་བའི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། ཤུགས་ཚད་དེ་བས་ཆེ་བའི་སྒོ་ནས་སྨན་བཅོས་ཚན་རྩལ་གྱི་འགག་སྒྲོལ་ལས་དོན་སྤེལ་བ། ནུས་ཆེའི་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་དང་། ནུས་ལྡན་གྱི་སྨན་རྫས། རིམས་འགོག་སྨན་ཁབ་སོགས་ཐད་གང་མགྱོགས་ཚད་བརྒལ་དེ་བས་ཆེ་བ་ཡོང་བའི་བརྩོན་ལེན་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ནུས་ལྡན་གྱི་ལག་ཆ་མང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཏོག་གསར་གློ་ཚད་ཀྱི་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཞིབ་བཟོ་དང་བཀོལ་སྤྱོད་གནས་ཚུལ་སྙན་སེང་ཞུས་པ་དང་། རང་རྒྱལ་གྱིས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་གཞན་གྱི་སྔོན་ལ་ཞིབ་བཟོ་བྱས་པ་དང་། མིག་སྔར་ཐོན་སྐྱེད་བྱེད་ཚད་ཀྱིས་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ད་དུང་ནད་འགོག་གི་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་དང་ཏོག་གསར་གློ་ཚད་དང་དབུགས་ལམ་གྱི་རིམས་ནད་གཞན་དག་5དུས་མཉམ་དུ་དབྱེ་འབྱེད་ཐུབ་པའི་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་ཞིབ་བཟོ་བྱས་ཡོད། ལི་ཁེ་ཆང་གིས་དེར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་དེས་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་འགག་རྩའི་ནུས་པ་ཆེན་པོ་འདོན་སྤེལ་ཐུབ་ཡོད། གོམ་སྟབས་རྗེས་མར་ཞིབ་དཔྱད་ཀྱི་དུས་ཚོད་དེ་བས་ཐུང་བ་དང་། མཇུག་འབྲས་དེ་བས་གནད་ལ་འཁེལ་བ། བཀོལ་སྤྱོད་དེ་བས་སྟབས་བདེ་བ་བཅས་ཀྱི་ཚོད་ལྟའི་སྨན་རྫས་ཞིབ་བཟོ་བྱ་རྒྱུ་དམ་འཛིན་ལྷོད་མེད་བྱེད་པ་དང་ཆབས་ཅིག འབྲེལ་ཡོད་སྒྲིག་ཆས་ལེ་ལག་ཚང་བ་དང་མི་སྣ་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིབ་དཔྱད་ཀྱི་ནུས་པ་ཆེ་རུ་གཏོང་བ། སྔ་ཙམ་ཤེས་རྟོགས་ཐུབ་པ་བཅས་བྱུང་ན་སྔ་ཙམ་ལོགས་འཇོག་དང་སྔ་ཙམ་སྨན་བཅོས་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། རིམས་ནད་མཆེད་རྒྱུ་བཀག་འགོག་ཐུབ་ནས་དྲག་སྐྱེས་བྱུང་ཚད་མཐོ་རུ་འགྲོ་ཐུབ་ཅེས་གསུངས་པ་རེད།
     རིགས་གཅིག་མཁས་ཅན་གྱིས་ཚན་རིག་གི་ཚོད་ལྟ་དང་ནད་ཐོག་སྨན་བཅོས་ཀྱི་འཚོལ་ཞིབ་བརྒྱུད་ནད་གཞི་ལྕི་ཡང་ལ་དམིགས་པའི་ཕན་ནུས་ལྡན་པའི་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ནད་བརྟག་སྨན་བཅོས་ནང་འཇུག་པའི་ཇུས་གཞི་འགའ་ཤས་ཞིབ་བཟོ་ལེགས་འདེམས་བྱས་པ་དང་། ད་དུང་སྨན་རྫས་འགའ་ཞིག་ནད་ཐོག་ཚོད་ལྟ་ཡང་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ལི་ཁེ་ཆང་གིས་སྨན་རྫས་དེ་དག་གི་ནུས་པ་དང་བདེ་འཇགས་རང་བཞིན་སྐོར་ལ་འདྲི་རྩད་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྨན་རྫས་ནི་ནད་དུག་གི་དགྲ་ཟླ་ཡིན་པས་སྤྱི་ཚོགས་ཡོངས་ཀྱིས་དེར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ལེགས་འདེམས་དང་ནད་ཐོག་ཚོད་ལྟའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་སྣ་ཁ་མང་པོ་དགོས་ཀྱི་མེད། འགག་རྩ་ནི་བདེ་འཇགས་ཐད་བློས་འགེལ་ཆོག་པ་དང་ནད་ཐོག་ཕན་ནུས་མངོན་གསལ་དོད་པའི་སྨན་གཙོ་བོ་འགའ་ཞིག་ལེགས་འདེམས་བྱས་ཏེ་སྨན་དོན་མི་སྣ་དང་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་བེད་སྤྱོད་ཐུབ་པ་བྱས་ཏེ་ནད་གཞི་ལྕི་རིགས་ཕོག་པའི་ནད་པ་སྐྱོབ་བཅོས་ནུས་ལྡན་དང་མི་སྣ་ཤི་ཚད་དམའ་རུ་གཏོང་བ་དང་། ནད་གཞི་ཡང་རིགས་ཕོག་པའི་ནད་པ་ནད་གཞི་ལྕི་རིགས་ལ་མི་འགྱུར་སྔོན་འགོག་ནུས་ལྡན་བྱ་རྒྱུ་དེ་རེད། དེ་ལྟར་ནད་དུག་ཚོད་འཛིན་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་དེ་བས་གཏིང་ཤུགས་ལྡན་ངེས་རེད་ཅེས་གསུངས།
     ལི་ཁེ་ཆང་གིས་རིམས་འགོག་སྨན་ཁབ་ཞིབ་བཟོའི་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་གནང་སྟེ་མིག་སྔའི་ལག་རྩལ་གྱི་ལམ་ཕྱོགས་འགའ་ཤས་ཀྱི་འཕེལ་རིམ་དང་། དུས་གང་ཞིག་ལ་ནད་ཐོག་ཚོད་ལྟ་བྱེད་རྒྱུའི་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བྱེད་ཐབས་སྣ་ཚོགས་སྤྱད་ཡོད། འོན་ཀྱང་མཐར་རིམས་ནད་ལས་རྣམ་པར་རྒྱལ་བར་རིམས་འགོག་སྨན་ཁབ་ནི་དགོས་གལ་ཆེན་པོ་ཡོད། རིམས་འགོག་སྨན་ཁབ་ཞིབ་བཟོ་བྱེད་པའི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་ཤིང་། གཅིག་ནས་སྐུལ་འདེད་གཏོང་རྒྱུར་དམ་འཛིན་དང་ཐོན་རྫས་སྔ་ཙམ་ཐོན་པ་བྱེད་དགོས་ལ། ཚན་རིག་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ཚད་གཞིར་ནན་པོ་གཞིགས་ནས་སྤུས་ཚད་འགན་ལེན་ཡང་བྱེད་དགོས། ཕྱོགས་ཁག་གི་ཁྱད་ཆོས་སྟོབས་ཤུགས་སྐོང་འཐེན་གྱིས་ངོ་ཐུག་གདོང་འཕྲད་ཀྱིས་མཉམ་ལས་དང་། བློ་རྩེ་གཅིག་སྒྲིམ་ངང་ཞིབ་བཟོ། མཉམ་འབྲེལ་ཐོག་འགག་སྒྲོལ་བཅས་བྱེད་པ་དང་ཆབས་ཅིག གཙོ་གནད་ཁ་ཕྱོགས་ལ་དམིགས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་དང་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་གང་མགྱོགས་ཞིབ་བཟོ་བྱས་ནས་མང་ཚོགས་ཚོར་སེམས་རྣལ་རིལ་བུ་སྦྱིན་དགོས་ཞེས་གསུངས།
     ལི་ཁེ་ཆང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ཚོད་ལྟའི་སྨན་རྫས་དང་། སྨན་རྫས། རིམས་འགོག་སྨན་ཁབ་བཅས་ཞིབ་བཟོ་ཐོན་སྐྱེད་ཀྱི་གནས་ཚུལ་ལ་རྗེས་སྙེག་དམ་ཟབ་བྱས་ཏེ། སྦྲེལ་མཐུད་ཞབས་ཞུར་རང་འགུལ་ངང་ཤུགས་སྣོན་རྒྱག་པ་དང་ལྟ་འདོམས་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་དམའ་རུ་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིབ་དཔྱད་གཏན་འཁེལ་དང་། ཞིབ་བཤེར་གཏན་འབེབས། ཞིབ་བཤེར་ཆོག་མཆན་སྤྲོད་པ་བཅས་ཀྱི་ལས་ཆོད་ཆེ་རུ་གཏོང་དགོས་པའི་བཀའ་མངགས་གནང་བ་རེད།

  
style="display:none;"