འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་25ཉིན།

༄༅༎ལོ་གསར་རིང་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་འབབ་རྒྱུ་ཡིན་པ་དང་། འགོག་ཟོན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་24ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་2020ལོའི་བོད་ཀྱི་ལོ་གསར་རིང་གི་གནམ་གཤིས་འཕེལ་ཕྱོགས་ཀྱི་སྔོན་བརྡ་ཁྱབ་བསྒྲགས་བྱས་པ་རེད། སྔོན་བརྡ་ལས་མངོན་གསལ་ལྟར་ན། དུས་ཆེན་རིང(ཟླ་2ཚེས་23ཉིན་ནས་ཚེས་29ཉིན་བར)བོད་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་འབབ་པའི་གནམ་གཤིས་ཡོད་པ་དང་། རྗེས་སོར་ལ་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་ངེས་པས། འབྲེལ་ཡོད་སྡེ་ཚན་དང་སྤྱི་དམངས་ཀྱིས་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་དགོས་པའི་དྲན་སྐུལ་བཏང་ཡོད།  
     བོད་རང་སྐྱོང་ལྗོངས་གནམ་གཤིས་བརྟག་དཔྱད་ཁང་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ལས་མངོན་གསལ། སྔོན་དཔག་བྱས་ན་ཚེས་23ནས་24ཉིན་བར་ཉིང་ཁྲི་དང་ནག་ཆུ་གཉིས་ལ་ཁ་བ་ཆུང་ཆུང་འབབ་རྒྱུ་དང་། ས་བབ་མཐོ་བའི་རི་ཁུལ་ཁག་གཅིག་ལ་ཁ་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ཆབ་མདོའི་བྱང་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་མང་པོ་འཁོར་བ་ནས་ཁ་བ་ཆུང་ཆུང་འབབ་རྒྱུ། ས་ཁུལ་གཞན་དག་ཏུ་གནམ་དྭངས་ལ་སྤྲིན་མང་པོ་འཁོར་རྒྱུ་རེད། ཚེས་25ནས་27ཉིན་བར་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཁ་བ་ཆུང་ཆུང་ནས་འབྲིང་བ་(ཆར་ཆུ)འབབ་རྒྱུ་དང་། ས་བབ་མཐོ་བའི་ས་ཆར་གངས་ཆེན་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དུ་གངས་ཆུང་ངུ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཁ་བ་འབྲིང་ཙམ་འབབ་རྒྱུ། མངའ་རིས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ། ཚེས་28ནས་29ཉིན་བར་མངའ་རིས་ཀྱི་ཤར་ལྷོའི་རྒྱུད་དང་། ནག་ཆུའི་དབུས་ནུབ་རྒྱུད་དང་ཉིང་ཁྲིར་སྤྲིན་མང་པོ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་གངས་ཆེན་འབབ་རྒྱུ་ཡོད་པ་དང་། དེ་བྱིངས་ས་གནས་ཁག་ཏུ་གནམ་དྭངས་བ་ནས་སྤྲིན་མང་པོ་འཁོར་རྒྱུ། གཞན་ཡང་། བོད་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་རིམ་པ་6ཡས་མས་ཀྱི་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡོད་པ་དང་། ཕྱི་དྲོར་ཡར་ཀླུང་གཙང་པོའི་རྒྱུད་དུ་རིམ་པ་4ཡས་མས་ཀྱི་ལྷགས་པ་ཆེན་པོ་རྒྱག་རྒྱུ་འདུག
     རིགས་གཅིག་མཁས་ཅན་གྱིས་མིག་སྔར་ནག་ཆུའི་ཤར་རྒྱུད་དང་། ཉིང་ཁྲི། ཆབ་མདོ་བཅས་ཀྱི་ས་བབ་མཐོ་བའི་རི་ཁུལ་དུ་གངས་གསོག་ཐེབས་མང་བ་དང་། དུས་ཆེན་རིང་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་མང་ཆེ་བར་གངས་འབབ་པའི་གནམ་གཤིས་ཡོད་པས། འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་འགོག་ཟོན་བྱེད་དགོས་པ་དང་། དུས་ཆེན་རིང་གནམ་གཤིས་འགྱུར་ལྡོག་ཆེ་བས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་གྲང་འགོག་དྲོད་སྲུང་དང་ཆམ་ནད་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བཏང་ཡོད།